R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༤
[A:༤༠༤]ལྟག སྐྱེད་འཕྲང་། བཀྲ་ཤིས་ལྷ་ཁང་། བླ་བྲང་ཟམ་པ། སེངྒེ་སྒོ། སྡེ་ཡངས་བདུན་སྐས་བརྒྱུད་ཕོ་བྲང་རྩེའི་གཟིམ་ཆུང་བཞུགས་ཁྲི་ལ་བྱོན་དྲུང་། གོང་གི་རྟེན་རྣམས་བཤམས། དེ་ནས་ཆོས་དུང་རིན་པོ་ཆེ་གཞི་ཐོག་རྩེ་ནས་ཐེངས་བཅུ་གསུམ་བསྐུལ། གཞས་སོགས་ནི་ཞག་གྲངས་དུ་མའི་བར་དུ་བྱུང་ཞིང་། ལེགས་འབུལ་དགའ་སྟོན་ཞག་ལྔ་མ་གཏང་རག་སོགས་ལ་ཐུགས་གཞོལ་བར་གྱུར་ཏོ། །ཅེས་སྔར་སྲོལ་བཟང་པོ་མི་ཉམས་ཤིང་། ད་སྲོལ་བཟང་པོ་ཇེ་རྒྱས་སུ་མཛད་པའི་རྣམ་བཞག་རྒྱས་པ་ནི། དེ་སྐབས་མཛད་པའི་རྗེ་ཉིད་ཀྱི་ཟིན་བྲིས་སོ་སོར་བཀྲམ་པ་རྣམས་བཞིན་ཏེ་འདིར་ནི་མཚོན་པ་ཙམ་མོ། །ཆོས་ཁྲི་རིན་པོ་ཆེ་འདི་ཉིད་དུ་སྔོན་བྱོན་གོང་མ་རྣམས་རིམ་ཕེབས་དང་། ས་ལོ་དགུང་སྙིང་ཤིང་སྦྲུལ་བཅུ་གཉིས་སུ་ཕེབས་པ་མེ་འབྲུག་ལོར་ཁྲིར་འཁོད། སྔགས་འཆང་ཆེན་པོ་དགུང་སྙིང་མེ་གླང་དགུར་བྱོན་པ་ཤིང་བྱར་ཁྲིར་ཕེབས། བསོད་ནམས་དབང་པོ་དགུང་སྙིང་ས་ལུག་བཅུ་གཉིས་སུ་བྱོན་པ་ལྕགས་རྟར་ཁྲིར་ཕེབས། སྒར་ཆེན་ས་བྱི་བཅུ་གསུམ་དུ་བྱོན་པ་ལྕགས་བྱི་ལོར་ཁྲིར་ཕེབས། བསོད་ནམས་དབང་ཕྱུག་ས་སྟག་བཅུ་བཞིར་བྱོན་པ་ལྕགས་ཡོས་ལོར་ཁྲིར་ཕེབས། མངྒའི་མཚན་ཅན་མེ་སྤྲེལ་བཅུ་གསུམ་དུ་བྱོན་པ་སྤྲེལ་ལོར་ཁྲིར་ཕེབས། བསོད་ནམས་རིན་ཆེན་ཤིང་བྱ་བཅུ་གཉིས་པ་མེ་སྤྲེལ་ལོར་ཁྲིར་ཕེབས། ཡབ་རྗེ་རྡོ་རྗེ་འཆང་ཉིད་ས་བྱ་བཅུ་གཉིས་སུ་བྱོན་པ་ལྕགས་སྤྲེལ་ལོར་ཁྲིར་ཕེབས། འཇམ་མགོན་དབང་སྡུད་སྙིང་པོ་ཉིད་ཆུ་ལུག་བཅུ་དྲུག་ཏུ་བྱོན་པ་ས་ཁྱི་ལོར་ཁྲིར་ཕེབས་པ་བཅས་ས་ལོ་དང་