R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༥
[A:༤༠༥]སྔགས་འཆང་སྐུ་རྐྱང་། བསོད་ནམས་དབང་པོ་སྐུ་མཆེད་གཉིས་སྒར་ཆེན་སྐུ་མཆེད་གསུམ། བསོད་ནམས་དབང་ཕྱུག་མངྒའི་མཚན་ཅན། ཡབ་རྗེ་བསོད་ནམས་རིན་ཆེན་རྣམས་སྐུ་རྐྱང་། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མཆེད། འཇམ་མགོན་མི་སྲིད་བཟུང་བ་ངག་དབང་ཀུན་དགའ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་བཅས་ལས། ཡབ་ཀྱིས་མངའ་གསོལ་མཛད་པ་བསོད་ནམས་དབང་པོ་ནས་མངྒའི་མཚན་ཅན་བར་དང། ཡབ་རྗེ་བསོད་ནམས་རིན་ཆེན་ལ་དགེ་འདུན་ཚོགས་ཆེན་ནས་ཤིས་བརྗོད། དེ་ནས་སོ་སོར་ཡབ་ཀྱི་མཛད་པ་བཅས། སྔར་སྲོལ་ལ་གསུང་བསྔོའི་མཇུག་གི་བཀྲ་ཤིས་མང་དུ་གསུངས་མཐར་མཛད་པ་འདྲ་མོ་རྣམ་ཐར་ཕལ་ཆེར་ན་མཆིས། རྗེ་རྡོ་རྗེ་འཆང་སྐུ་མཆེད་ལ་ནི། སྣ་བདུན། རྫས་བརྒྱད་གནང་ཞིང་། སོ་སོའི་གཞུང་གསུངས་མཐར་ཤིས་བརྗོད་མང་པོ་གདངས་དང་བཅས་མེ་ཏོག་འཐོར་བར་མཛད་ཅིང་། གང་ལྟར་ཡབ་རྗེ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་མཆོག་ནས་ཆོས་ཁྲི་མཁས་པ་ཟིལ་གནོན་འདི་ཉིད་ལ་ཞབས་ཏོག་ཚར་ཕྱིན་ངོ་མཚར་ཅན་དང་། དེའི་ཤར་ཕྱོགས་ཀྱི་དར་ཆེན་བཀོད་ལེགས། ཁྲོ་ཁང་ཁྲོ་ཆེན་ལ་དཀར་གཡའ། འཆམ་སྐུ་དྲེགས་པ་ཟིལ་གནོན་ལྕམ་དྲལ། ལས་མཁན་ཞལ་འབག་གསར་བསྐྲུན། དེ་དག་ཐམས་ཅད་ཀྱི་སྔ་ཕྱི་བར་གསུམ་གྱི་དེབ་དང་། ཐོ་གཞི་གསར་སྒྲིགས་སོགས་བླ་མ་གོང་མ་རྣམས་ཀྱི་དགོངས་ཟབ་རྫོགས་ཕྱིར་དང་། སླད་ཀྱི་སྤྱན་ལྟོས་བཟང་པོ་འབྱུང་བར་འགྱུར་བ་སོགས་ཐུགས་བསྐྱེད་བླ་ན་