R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༠༦
[A:༤༠༦]མེད་པས་དུས་འདའ་བར་མཛད། དེ་ལྟར་ཁྲི་ཕེབས་མངའ་གསོལ་གེགས་མེད་དུ་གྲུབ་མཚམས། རྣམ་ཐར་ཞལ་གསུངས་མ་ལས། ཁྲི་འདོན་མཇུག་གི་དགའ་སྟོན་མ་རྫོགས་པར། །དྲིན་ཅན་མ་མ་ཆོས་ཀྱི་དབྱིངས་སུ་ཐིམ། །ལུགས་མི་རྒྱུག་པའི་སྒོ་གཅིག་འདི་ནས་དོད། །ཅེས་གསུངས་པ་ལྟར། རྟ་ཟླའི་ཉི་ཤུ་སྐོར་ལ་རྒྱལ་གསུངས་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས་སོགས་སྐུ་རིམ་རྒྱ་ཆེར་མཛད་མུའི་ཉེར་གཉིས་ལ་རྒྱལ་ཚབ་དེ་མོ་གོང་མ་རིན་པོ་ཆེ་དང་། ཉེར་དགུར་རྒྱལ་ཡུམ་སྐལ་བཟང་བདེ་སྐྱིད་དབུ་ཁྲིད་ཞི་བར་གཤེགས་པས། ཡབ་སྲས་ཞལ་རྒྱས་ནས་ཡུམ་མཆོག་དེ་ཉིད་ཀྱི་དགོངས་རྫོགས་སྤྱི་དང་བྱེ་བྲག་གདན་ས་འདི་ཉིད་དང་། ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་དབུས་ལྷོ་བྱང་གཙང་ཁུལ་གྱི་གནས་རྟེན་དགོན་སྡེ་རྣམས་ལ་རྒྱ་ཆེར་བསྩལ་ཞིང་། ད་ལྟར་བླ་བྲང་ཤར་ན་བཞུགས་པའི་སྐུ་རྟེན་དུ་བདག་ཅག་གི་སྟོན་པའི་སྣང་བརྙན་གསེར་ཟངས་ལས་གྲུབ་པ། གསུང་རྟེན་སངས་རྒྱས་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་བཞུགས་པའི་གསེར་བྲིས་གླེགས་བམ། ཐུགས་རྟེན་གསེར་དངུལ་ར་མ་ལུག་གི་མཆོད་རྟེན་རིན་ཐང་ཅན་སོགས་ཕྲ་རྒྱན་གྱིས་ཕྱུག་པ་འདི་རྣམས་གསར་སྐྲུན། རབ་གནས་རྒྱས་པ་བཅས་མཛད་ཅིང་། རྩེད་གདོང་ཆོས་སྡེའང་བྲིས་ཐང་གོང་བཤམས་ཞལ་ཁེབས་སོགས་འགྲན་བྲལ་གྲངས་བཅུ་བཞི་དང་། རྣལ་འབྱོར་མ་དང་ཀུན་རིག་གི་ཆོ་ག་སོགས་ད་ལྟའི་བར་དུ། ལོ་ཟླར་ཆག་མེད་སྒྲུབ་པ་འདི་རྣམས་སྦྱོར་འཇགས་མཛད། རྒྱལ་ཚབ་མཆོག་གི་དགོངས་རྫོགས་སུ་ཀྱཻ་རྡོར་སྒྲུབ་མཆོད་སོགས་མཛད་དོ། །དགུང་