R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༠
[A:༤༤༠]བཞིན་སང་ཉིན་ཐོ་རེངས་དེར། །བརྒྱ་དཔོན་དབུ་མཛད་གྲྭ་ཚང་མཆོད་དཔོན་རྣམས། །ངེད་ཀྱི་གམ་དུ་བཀུག་ནས་བཅའ་ཡིག་བཀླགས། །རང་གིས་གང་ཤེས་རྫིག་རྫིག་དཔེ་མེད་བཏང་། །གསོལ་བའི་ཐོག་ཏུ་དབྱངས་དཔོན་ཐམས་ཅད་ལ། །བཅའ་ཡིག་བསྒྲགས་ལ་དབྱངས་ཀྱི་རིང་ཐུང་ཚད། །ངེད་ཀྱི་ལྕམ་ཟེའི་སྦུགས་ནས་ལག་བརྡ་བྱེད། །དེ་ལ་ལྟོས་ནས་རིང་བར་རྒྱོང་དགོས་ཀྱི། །ད་དུང་ང་ཡིས་བཀོད་པ་མི་བྱེད་ན། །དུས་མདོས་སློབ་དཔོན་ངེད་ཀྱི་མི་ཡོང་བས། །ང་ནི་ཚོགས་ནས་ལོག་ནས་འགྲོ་ངེས་ཡིན། །བྱས་པས་ཉེར་བཞིའི་དུས་མདོས་གྲོལ་བའི་སྐབས། །སྲོད་ཆེན་ཕག་སྣ་ཟིན་པའི་དུས་སླེབས་འདུག །དབྱངས་སྦྱོངས་གྲུབ་ནས་ཡབ་རྗེའི་དྲུང་ཕྱིན་པས། །ཡབ་རྗེ་གཟིམས་ནས་བདག་ལ་སུ་ཡིན་གསུངས། །བདག་ཡིན་ཞུས་པས་བླ་མ་བྱང་ཆུབ་སེམས། །ཐུགས་འགལ་ཞི་ནས་བཞད་སྒྲ་དང་བཅས་པས། །བདག་ལ་ཨ་ད་དོ་ཚེ་ཇོ་ལེགས་ཁོས། །བསྟན་བཤིག་འདི་འདྲ་ཡོང་བ་ཨེ་མ་མཚར། །འདི་འདྲའི་མདོས་ཆེན་ཧ་ཅང་རྒྱས་དྲགས་པས། །ད་ནི་མ་བྱེད་གྲྭ་པ་འོ་བརྒྱལ་གསུངས། །བདག་གིས་འདི་ཚོ་ག་ཙམ་གལ་ནའང་གལ། །མདོས་ཆེན་མགྱོགས་སུ་མི་གཏོང་ཐག་ཆོད་ཡིན། །ཞུས་པས་ཐུགས་རྗེ་ཆེ་གསུངས་བཞད་མོ་མཛད། །ཉེར་དགུའི་གཏོར་མ་ཐེབས་ནས་ཡར་སླེབས་སྐབས། །ཡབ་རྗེ་ཐུགས་ཉམས་འུར་བའི་རྣམ་པ་ཡིས། །རབ་དཀར་ལྷ་གོས་སྲིད་དུ་རིང་བ་ཞིག །བདག་དང་ནུ་བོར་སྩལ་ནས་འདི་སྐད་གསུངས། །རང་རེའི་འཁྲུལ་ཟད་རྗེ་བཙུན་ས་སྐྱ་པའི། །བསྟན་པ་རིན་ཆེན་ད་ནི་ཟིན་སོང་གསུངས། །