R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༨
[A:༣༨]གསོ་བདུན་མཛད་རིང༌། བསགས་སྦྱོང་རྣལ་འབྱོར་ཕྱག་ལེན་ལྟར་མཛད་ཅིང༌། དེ་གྲོལ་ནས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གཉིས་ལས། དང་པོ་ནི་སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་སྒྲུབ་དཀྱིལ་དང༌། སྔགས་འཆང་ཆེན་པོའི་དབང་གི་མཚམས་སྦྱོར་བཅས་ཀྱི་སྟེང་ནས། བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་གི་མངོན་པར་རྟོགས་པ་བཅོ་བརྒྱད་དང་ལྡན་པའི་སྒོ་ནས་རྒྱུ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་སྦྱང་གཞི་སྦྱོངབྱེད་ལེགས་པར་ངོ་སྤྲོད་དེ་སྨིན་རྒྱས་སུ་གསན་པའི། ཐུན་མོང་གི་དབང་དྲུག་གི་སྐབས་ངག་ཆོས་ཡིག་སྟེང་ནས་རྩ་སྔགས་ཀྱི་བཟླས་ལུང་བཅས་གསན་ནས། དམ་ཚིག་དང་སྡོམ་པ་མ་ཉམས་པ་བསྲུང་བ་གསལ་བ་སྟོན་པ་རྩ་ལྟུང་འགྲེལ་པ་འཁྲུལ་སྤོང་རྗེ་བཙུན་གྱིས་མཛད་པ། མངོན་རྟོགས་རྒྱས་པ་ཡན་ལག་བཞི་པ་སློབ་དཔོན་རིན་པོ་ཆེ་རྩེ་མོས་མཛད་པ། རྗེ་བཙུན་ཆེན་པོས་མཛད་པའི་མངོན་རྟོགས་འབྲིང་པོ་ཡན་ལག་དྲུག་པ་ཚིག་སྣ་རིང་ཐུང་གཉིས་ཡོད་པའི་ཐུང་བ། དེས་མཛད་པའི་བདག་མེད་མའི་རིམ་གཉིས་འཁོར་དང་བཅས་པ། སློབ་དཔོན་རྩེ་མོས་མཛད་པའི་དབང་གི་ཆུ་བོ་ཆེན་པོ་དང༌། ཞི་བའི་སྦྱིན་སྲེག་ཆོ་ག་ཞིབ་ཏུ་བསྟན་ཅིང་རྣམ་བཞག་མདོར་བསྡུས་པ། རྗེ་བཙུན་གྱིས་མཛད་པའི་ལས་བཞིའི་སྦྱིན་སྲེག་ཆོ་ག་མདོར་བསྡུས་ཤིང་རྣམ་བཞག་རྒྱས་པར་བསྟན་པ། ཚོགས་འཁོར་འབྲིང་པོ་རྗེ་བཙུན་གྱིས་མཛད་པ་སྟེ། བདུན་པོ་གླེགས་བམ་གྱི་དཀར་ཆག་གིས་ཟིན་པ་ལོགས་སུ་བཞུགས་ཀྱང་རུང་བར་གསུངས་པ་རྣམས་