R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༣
[A:༤༥༣]སྣང་མཛད་རྡོ་རྗེ་ལས་བོ་དོང་བའི་ཐུགས་དམ་གཏོར་རྒྱུན་རྒྱ་མཚོ་ལས། བྱིན་རླབས་རྗེས་གནང་སོགས་ཉིས་བརྒྱ་ལྔ་བཅུ་ང་ལྔ་ཙམ་གསན་པ་སོགས་དང་། རྣལ་འབྱོར་པ་རླུང་སེམས་ལ་དབང་འབྱོར་བ་མ་ཧེ་སྐད་གཏོང་བ་ལས་འབྲུག་པ་བཀའ་བརྒྱུད་པའི་ལུགས་ན་རོ་ཆོས་དྲུག་སྐོར། རླུང་སྦྱོང་དང་ལུས་སྦྱོང་གི་ཕྱག་ཁྲིད་སོགས་དང་། གཞན་རྣམ་ཐར་ཞལ་གསུང་མ་འདིར་གསལ་བའི་གསར་མའི་སྐོར་ལ། བཟང་ལྡན་སློབ་དཔོན་དང་། རྙིང་མའི་དབུ་བླའི་གྲས་ནས། པད་མ་མཁྱེན་བརྩེ་གྲུབ་དབང་ན་ཟ་བ་སོགས་ཁ་ཤས་གསན་ཡིན་སོགས་སུ་མི་གསལ་བ་ཆད་ལུས་སོང་བ་འདྲ་བ་བཅས་གྲུབ་མཐའ་རིས་མེད་ཀྱི་བླ་མ་འདི་རྣམས་འགའ་ཞིག་ལ་དབང་ལུང་སོགས་རྒྱ་ཆེ་བ་དང་། ཐ་ནའང་ཆོས་འབྲེལ་ཙམ་གསན་ཡོད་ངེས་བཅས། གསན་པ་རྒྱ་མཚོའི་ཕ་མཐར་སོན་པ་འདི་དག་ཀྱང་དགུང་གྲངས་སོ་བརྒྱད་ཡན་ལ་ཡིན་ཅིང་། དེ་ནས་ཀྱང་ལོ་གྲངས་བཅུ་ཙམ་བཞུགས་པ། དེ་ལྷག་གསན་ངེས་སྙམ་པ་འདི་དག་ཀྱང་། མིང་རྐྱང་ཙམ་དུ་མ་ལུས་པ་བསམ་པས་སྒྲོ་འདོགས་བཅད་དེ་བསྒོམས་པས་ཉམས་སུ་བསྟར་དགོས་པ་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར། ལྷག་པའི་ལྷ་ཡི་བསྙེན་སྒྲུབ་སྔ་ཕྱིར་མཛད་ཚུལ་རྣམ་ཐར་ཞལ་གསུང་མ་ལས། དགེས་པ་རྡོ་རྗེ་བདེ་མཆོག་ནག་པོ་ལ། །རྡོ་རྗེ་གཞོན་ནུ་བཛྲ་བྷཻ་ར་བ། །ཚེ་དཔག་ལྷ་དགུ་འཆི་མེད་དཔལ་སྟེར་དང་། །ཕྱག་རྡོར་གཏུམ་པོ་དྲང་སྲོང་ལོག་ཏྲི་དང་། །མཁའ་འགྲོ་སེང་གདོང་མ་ཧཱ་ཀཱ་ལ་དང་། །