R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༥༥
[A:༤༥༥]དང་ཡེ་ནས་མི་འདྲ་བའི་ཚུལ་ནང་དུ་རླུང་སེམས་ལ་དབང་ཐོབ་པས་བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་། བཟླས་བརྗོད་རབ་འབྱམས་ཀྱི་ནུས་པ་མཐར་ཕྱིན་པས་ལྷ་འདྲེ་མི་གསུམ་དབང་དུ་འདུས་ཤིང་། ལྷག་པར་འོག་ཏུ་གསལ་བ་བཞིན། ཟབ་ཕུའི་གནས་ཆེན་རྣམས་སུ། བྲག་གཡང་སུ་ཡང་མི་ཐར་བ་རྣམས་སུ་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བྱོན་ཏེ་ཟབ་གཏེར་འགའ་ཞིག་བཞེས་པ་དང་། བཞེས་འཕྲོར་ལུས་ཤུལ་སོགས་དེང་དུས་ཀུན་གྱི་མིག་སྔར་གསལ་བ། ཐོགས་མེད་ཀྱི་རྫུ་འཕྲུལ་སོགས་དང་། ས་གཏེར་ལ་དབང་བ་འཕགས་ལམ་ས་དང་པོ་དང་དགུ་པ་སོགས་མ་འགྲོང་པར་མི་དབང་བའི་ཚུལ་རྒྱལ་བའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་གསུངས་པས་ན་མངོན་སུམ་ཚད་མས་གྲུབ་བོ། །དགུང་གྲངས་ཉེར་གསུམ་ཙམ་ལ། འདི་གའི་ལས་རིམ་གྲས་དཔལ་མགོན་ཞལ་བཞིའི་སྒྲུབ་བསྙེན་སྔོན་འགྲོའི་ཟོར་འཕེན་སོགས་མཛད་པ་སྟེ། བསྙེན་སྒྲུབ་སྐབས་མཚན་མ་ཇི་ལྟར་བྱུང་ཚུལ་རྣམས་ཟིན་ཐོར་འགོད་པར་མཛད་པ་ལས་འདི་ལྟར་བྱུང་སྟེ། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་སྔ་ཐུན་གྱི་སྤྱན་འདྲེན་སྐབས་སྒྲུབ་ཁང་གི་གདུང་བྱང་མ་ལ་ཚག་སྒྲ་ཤིན་ཏུ་ཆེ་བ་དང་། བཅུ་དགུའི་སྔ་ཐུན་གྱི་བཟླས་པ་ཚུགས་འཕྲལ་ཁོ་བོའི་མཐོང་སྣང་དུ་ས་སྟེགས་ཀྱི་གཡོན་ཟུར་དུ་བཙུན་པ་དར་ཡོལ་གདོང་ཐམས་ཅད་སྦོས་ཤིང་ངུ་བ་ཞིག་མཐོང་བ་དང་། དེ་རྗེས་ཐུན་མ་གྲོལ་ཙམ་ལ་རྡོ་རྗེ་དཔལ་འབྱོར་ཁོ་བོའི་མདུན་ན་བསྡད་ཡོད་པར། སྒྲུབ་ཁང་གི་སྒོ་རྩ་ནས་ཧེལ་ཧེལ་ཟེར་མཁན་ཞིག་འདུག་ཟེར་ནས་ལྟར་སོང་བས་སུ་ཡང་མེད་པ་