R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༠
[A:༤༧༠]སྙིང་འདོད་ན་བཙུན་མོ་བརྒྱ་ཡོད་ཀྱང་། ཁ་ཡ་ལྐོག་པའི་རྒྱུ་ལས་དགེ་མཚན་མེད། །དེ་ཕྱིར་ལྷ་ལྕམ་ལེན་པར་མི་འདོད་ཀྱང་། །ཅིས་ཀྱང་ལོངས་རང་ཟེར་ན་བླངས་པས་ཆོག །བྱས་པའི་དོན་ལྟར་ལྷ་ལྕམ་འོས་ཐོ་རྣམས། །བརྟག་པའི་དོན་དུ་སྒྲོལ་མ་ལྷ་ཁང་དུ། །དཀའ་སྤྱད་སྡུག་ཁུར་མང་དུ་བགྱིས་དོན་ལ། །རང་བྱོན་བུ་མོ་ཨ་ལིག་ཆུག་པ་ལྟར། །འདི་ཉིད་གསང་ཁོག་ཐོག་ནས་ལྕམ་དུ་བླངས། །སྐལ་བཟང་ལྷ་ཡི་བུ་མོ་འཆི་མེད་ནི། །ཚེ་དབང་ཞེས་བྱའི་མིང་བཏགས་བཅོམ་ལྡན་འདས། །དགེས་པ་རྡོ་རྗེའི་རྡུལ་ཚོན་དཀྱིལ་འཁོར་དུ། །བཅུག་ཅིང་དམ་ཚིག་ལས་ཀྱི་གཟུང་མ་བྱས། །རིང་པོར་མ་ཐོགས་རིགས་ཀྱི་མྱུ་གུ་ཞིག །ལེགས་པར་ཕེབས་ཀྱང་དང་པོ་དུས་ལས་ཡོལ། །དེ་ལ་བརྟེན་ནས་ལྷ་ལྕམ་ཡི་ཐང་ཆད། །ངེས་འབྱུང་སྐྱོ་ཤས་དྲག་པོས་ལྕམ་མ་འདོད། །བྱས་འགྱུར་རྡོ་རྗེའི་བྲག་རྫོང་ཆེན་པོ་རུ། །ཚེ་དང་སྒྲུབ་པ་མཉམ་པའི་བློ་གཏད་ལ། །ཡང་ཡང་བཤོལ་བཏབ་མང་དུ་བགྱིས་ན་ཡང་། །ཁས་ལེན་མི་བྱེད་ཆོས་ལ་ཤོར་ཉེའི་སྐབས། །བདག་གི་བླ་མ་རྣམ་འདྲེན་བཀའ་དྲིན་ཅན། །རྒྱལ་བ་མུས་པ་ཆེན་པོས་ཨུ་ཚུགས་ཀྱིས། །བཤོལ་འདེབས་མཛད་པས་ཐེབས་ཆག་ཉན་ཐོག་སྐབས། །ཞེས་གསུངས་པ་ལྟར། རྟ་ནག་སྒེར་རང་བྱོན་མའི་སྲས་མོ་དེ་ཉིད་ཁབ་ཏུ་བཞེས་ཏེ་སྐལ་བཟང་ལྷ་ཡི་བུ་ཁྲིད་འཆི་མེད་ཚེ་དབང་དཔལ་ལྷ་མོ་ཞེས་པའི་མཚན་གསོལ་ཏེ། བཅོམ་ལྡན་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་ཐུགས་རྒྱུད་སྨིན་པར་མཛད་པ་དང་། གཞན་ཡང་ལྷག་པའི་ལྷ་གསར་རྙིང་དུ་མའི་དབང་དང་། བྱིན་