R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༧༢
[A:༤༧༢]གཡངས་སུ་གང་མི་ཐར་བའི་སྐེད་ཞིག་ན་ས་སྐྱ་བདག་ཆེན་གྱིས་གཏེར་བཞེས་འཕྲོ་རེད་ཟེར་བའི་གསེར་གཞོང་འོད་ཅན་ཞིག་ཕྱེད་ས་ཡིས་ནོན་ཅིང་ཕྱེད་མཐོང་བ་ཡོད་ཅེས་བདག་གི་བླ་མ་ཁུ་བོ་རིན་པོ་ཆེ་གསང་བའི་བདག་པོ་གནས་དེར་མཇལ་བར་ཕེབས་སྐབས་གཟིགས་ཚུལ་བཀའ་ལས་ཡང་ཡང་ཐོས་པ་སོགས་བདག་བསྟོད་སོགས་ལས་ཀྱང་། མ་བསྒྲུབས་ཧེ་རུ་ཀ་དཔལ་ཆེ་ལ་བསྟོད་གསུངས་པ་བཞིན་དོན་ལ་གནས་པ་ཡིན་ཅིང་། སླར་གདན་ས་ཆེན་པོར་ཕེབས་ཏེ། གདུང་རབས་མྱུར་འབྱོན་གྱི་ཞབས་བརྟན་ལ་བརྩོན་པར་མཛད་ཚུལ་གོང་འཕྲོས་རྣམ་ཐར་ཞལ་གསུང་མ་ལས། ལྷ་ལྕམ་ཉིད་ནས་གུ་རུ་དྲག་དམར་དང་། །ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒྲུབ་པ་དང་། །ལས་བཞིའི་སྦྱིན་སྲེག་བཅས་པ་མཐར་ཕྱིན་བྱས། །དེ་རྗེས་རྗེ་བཙུན་ཀུན་དགའ་བསྟན་སྒྲོན་བལྟམས། །དེ་ནས་རེ་ཞིག་སོང་བའི་དུས་དག་ཏུ། །སྒྲོལ་མར་ཚེ་ལྷ་ལྷ་ཁང་གསར་པ་དང་། །འཇམ་དཔལ་ལྷ་ཁང་གསར་བཞེངས་འཕྲོ་ཅན་དང་། །བསམ་གླིང་མགོན་ཁང་ཉམས་གསོ་གསར་བཞེངས་བྱས། །ཡ་མ་ཟུང་གི་ཆོ་འཕྲུལ་མང་པོ་དང་། །ཞེས་གསུངས་པ་ལྟར་རྒྱལ་ཡུམ་དེ་ཉིད་ནས། །ལྷ་ཁང་ཆེན་མོའི་ཡང་སྟེང་པོ་ཏ་ལ་ཞེས་སྔོན་གྱི་དུས་སུ་སྔགས་འཆང་ཆེན་པོའི་གཟིམ་ཆུང་དེ་ཉིད་དུ། གཏེར་ཁ་གོང་མར་གྲགས་པ་སྔགས་པ་ཉང་རལ་གྱི་བྲག་སྲིན་མོའི་སྦར་རྗེས་ཅན་ནས་སྤྱན་དྲངས་པའི་སྙིགས་དུས་ཀྱི་རྒྱལ་བཙན་བསེན་མོ་སོགས་འབྱུང་གདོན་སོགས་ལ་ཤིན་ཏུ་བསྔགས་པ་སྔགས་འཆང་རྒྱ་གར་ཤེས་བཟང་དང་། ས་ལོ་སྐུ་མཆེད་རྣམས་ནས་བཟུང་