R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༡
[A:༤༨༡]དང་ཁྱད་པར་བསྟན་སྲུང་རྣམས་ལ་དམ་པ་ཀུན་གྲགས་དང་སྔགས་འཆང་ཆེན་པོའི་སྒྲུབ་ཡིག་བཞིན་སོ་སོར་སྲོག་འཁོར་བླ་རྡོ་ཁྱད་པར་གུར་མགོན་ལ་གྲི་སྙིང་ལྕགས་རྡོར་རྩེ་དགུ་སོགས་ཐུན་མོང་མ་ཡིན་པའི་གཟུངས་བཞུགས་རྣམས་ཀྱིས་ཕྱུག་པར་རབ་གནས་མཛད་དེ། སྟེང་འོག་བར་གསུམ་དུ་གནམ་ས་ལོགས་ཀྱི་རྒྱན་མཆོད་རྫས་སྤྱི་དང་བྱེ་བྲག་མགོན་ཁང་དུ་ཞིང་ཆེན་གྱི་བླ་བྲེ་ཁྲབ་རྨོག་གྲི་མེ་མདའ་མདུང་སོགས་དྲག་པོའི་རྒྱན་དང་། རྟག་རྟེན་རྒྱུན་གཏོར་སོགས་མཐོང་བ་ཙམ་གྱིས་དཔའ་འཁུམས་བྱེད་པ་རྣམས་ལ། བདག་ཆེན་དབང་གི་མཚན་ཅན་ཉིད་ནས་འཁོར་ལོ་བདེ་མཆོག་ལ་བརྟེན་པའི་རབ་ཏུ་གནས་པ་རྒྱས་པར་མཛད་དེ་དམ་ཡེ་དབྱེར་མེད་དུ་བྱིན་གྱིས་རློབས་པར་མཛད་དོ། །དེའི་ནུབ་སྔོན་སྔགས་འཆང་ཆེན་པོའི་སྐུ་དུས་ཀྱི་གཟིམ་ཆུང་བདེ་བ་ཅན་དུ་གྲགས་པ་གོང་མ་ན་རིམ་གྱི་དམ་རྫས་བདུད་རྩི་རིལ་བུ་སྒྲུབ་མཛད་ཀྱི་གཟིམ་ཆུང་དང་། གཟིམ་ཕུག་བཞུགས་གཡབ་གཏིང་དུ་སྨན་ཁང་ཀ་བ་བཅུ་གཉིས་པ། དེའི་ཕུར་འདམ་བརྡུང་རྡོ་གཏུན་དང་བཅས་དེའི་ཉེ་མཁོ་འཇོག་པའི་ཁང་པ། ཤོད་དུ་རྩེ་ཐབ་སྒྲིལ་རྩི་བཀང་དང་བཅས་པ་བཀོད་ལེགས་ངོ་མཚར་འདི་རྣམས་གསར་བསྐྲུན་མཛད། དེའི་ལྷོར་སྔགས་འཆང་གྲགས་བློ་སོགས་ཀྱི་གཟིམ་ཆུང་དེང་སང་བདེ་མཆོག་ལྷོར་གྲགས་པ་ཤོད་རྣམ་སྲས་རིགས་ཅན་བཅོ་ལྔའི་ལྷ་ཁང་དང་བཅས་པ་འདི་རྣམས་ཀྱང་སྐུ་ཐོག་འདིར་གསར་བསྐྲུན་མཛད་པ་མཐའ་ཀླས་མགོན་ཁང་མདོའི་གཡབ་ལ་དྲག་རིས་རྣམས་ནང་སོ་པུ་ཏྲ་ཁང་བཞིན་མཛད་པ་དེར་འགྲོ་མགོན་དབང་