R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༢
[A:༤༩༢]མཛད་པ་འདི་རྣམས་དང་། དེའི་ལྕགས་སྒོ་གཡས་གཡོན་གྱི་སྲིད་པའི་འཁོར་ལོ་ཆ་ལྔ་པ་དང་། མངོན་པ་ནས་བཤད་པའི་འཇིག་རྟེན་སྣོད་བཅུད་ཀྱི་འཁོར་ལོའི་ལྡེབ་བྲིས་འདི་རྣམས་ཐོག་ཕིབས་བཅས་གསར་བསྐྲུན་མཛད། གཙུག་ལག་ཁང་གི་སྒོ་ཁང་དུ་འཁོར་ལོ་འདི་དག་བྲིས་པའི་དགོས་པ་ནི་ལས་འབྲས་ལ་རྨོངས་པས་སྲིད་པ་འདི་དག་ཏུ་ལས་དང་མཐུན་པར་སྐྱེས། དེ་དག་གིས་སྡུག་བསྔལ་མྱོང་ནས་བདེ་འགྲོར་སྐྱེས། རྟེན་དེ་ལ་ངེས་འབྱུང་སྐྱོ་ཤས་ཀྱིས་སྲིད་པ་ལ་ཆགས་བྲལ་བྱེད་དགོས། མ་ཐུབ་ན་སླར་ཡང་འཁོར་བར་ལུ་གུ་རྒྱུད་དུ་འཁོར་བས་ལམ་ཆོས་དང་མཇལ་དུས་འདིར་སྲིད་པ་འདི་དང་སྡུག་གྱིས་ཐུབ་པ་ཞིག་བྱའོ་སྙམ་པའི་ངེས་འབྱུང་བསྐྱེད་ཕྱིར་འདུ་ཁང་གི་སྒོར་བྲིས་པ་ལགས། ལྷ་རྩེ་ཐེག་ཆེན་ཕོ་བྲང་གི་ནུབ་ཏུ་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་སྣང་བརྙན་ངོ་མཚར་ཅན་འདི་རྣམས་ཀྱང་གསར་བཞེངས་མཛད། འདིའི་ནང་གཟུངས་སུ་གུ་རུ་རིན་པོ་ཆེ་དེ་ཉིད་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་དགུང་ལོ་བརྒྱད་པ་ལྟ་བུར་བསྟན་ཏེ་རྡོ་ལ་ཞབས་རྗེས་བཞག་པ་དེ་ཉིད་གཙོ་བོར་བཞུགས་པའི་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་སྟེ་རབ་གནས་མཛད་པ་པོ་ཡང་སློབ་དཔོན་ཉིད་དང་རྣམ་དབྱེ་མེད་པར་ལུང་གིས་བསྔགས་པས་ན། དེང་སྐབས་སློབ་དཔོན་དངོས་དང་རྣམ་དབྱེ་མ་མཆིས། སྣང་བརྙན་འདི་དང་། ཐིགས་གཡབ་ཤར་ལྷོ་ནུབ་གསུམ་དང་ཕུར་ཁང་ཁྱམས་སྟོད་སྨད་ཐོག་ཁའི་ཞལ་བ་རྣམས་ཉམས་གསོ་གསར་བརྡུང་མཛད་པ་དང་། དེ་རྣམས་ཀྱི་ཤར་ལྷོའི་མཐིལ་གྱི་འཇམ་ཁྲོས་ལྷ་ཁང་ངམ་འཇིགས་བྱེད་ལྷ་ཁང་དུ་གྲགས་