R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༩
[A:༤༩༩]ཆིབས་བསྒྱུར་ཏེ་དཔོན་འཁོར་རྣམས་རྡོ་རིང་ཕྱི་ནང་སྡེ་ཡངས་ཤར་བཅས་པར་སྔར་གཏིང་ཆིབས་ཞོལ་ལུགས་སོགས་མ་མཛོལ་བའི་སྒོ་ནས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་འཇམ་དཔལ་རྒྱ་མཚོ་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་གསེར་ཞལ་མཇལ་བར། མཎྜལ། རྟེན་གསུམ། འགྱོགས་དར་ནང་མཛོད་འབུལ་མཚོན་རྒྱ་ཆེར་བསྟབས་པ་སོགས་དང་། དངོས་གཞི་ཁྲི་མཇལ་སྐབས། མགོན་པོ་གང་གི་སྐུ་མདུན་དུ་བན་ཚང་པ་དང་བཅས་བཞེངས་ཏེ་མཎྜལ་འབུལ་བ། རྟེན་གསུམ་གྱི་བཤད་པ་སོགས་དང་དངོས་འབུལ་གསེར་དངུལ་གྱི་ཚན་གྲངས་རྒྱ་ཆེ་སྤམ་མཐོ་བ་འབུལ་བ་སོགས་ཤིང་གླང་ལོ་འཇམ་མགོན་ཀུན་བློའི་སྐུ་དུས་ཀྱི་ལམ་བཞིན་མཛད་ཡོད་འགྲོ་སྙམ་པ་དང་དེ་ནས་གཞུང་ས་མཆོག་ནས་སྔ་བར་ཕྱི་གསུམ་དུ་ཇ་མར་རྩམ་འདུར་ཆག་སོགས་དོ་ལྔ་བཅུ་སོགས་ཀྱི་ཟུར་གསོལ་གྱ་ནོམ་སོགས་འབུལ་བར་མཛད་ཅིང་། དེ་རིང་ལ་ཇོ་ཤཱཀ་རྣམ་གཉིས་སོགས་ལྷ་ས་ཐིལ་དང་། རྩེར་འཕགས་པ་ལོ་ཀེ་ཤྭ་ར་དང་། གསེར་གདུང་ཁག་སོགས་ལ་སྣ་ལྔའི་མཆོད་འབུལ་ཁྲུས་གསོལ་རབ་གནས་རྒྱས་པར་མཛད་སྙམ་པ་དང་། དེ་མཚམས་གོང་ས་མཆོག་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྟོད་ལས་ཀྱི་དབང་། ཉང་གཏེར་གུ་རུ་དྲག་དམར་གྱི་དབང་སོགས་བཞེས་པ། གུར་དྲག་དབང་གི་སྐབས་གོང་ས་ཆེན་པོ་ཉིད་ནས་བདག་ཆེན་དབང་གི་མཚན་ཅན་འདི་ཉིད་གུར་དྲག་དངོས་སུ་གཟིགས་པ་སོགས་ཀྱི་ངོ་མཚར་ཀྱང་བྱུང་། དོན་དུ་བདག་ཆེན་འདི་ཉིད་རང་རེ་གདུལ་བྱ་རྣམས་ཀྱི་སྣང་ངོར་མིར་སྣང་བ་ཙམ་ལས་