R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༠
[A:༥༡༠]པ་ཙམ་གྱིས་གཟུགས་མེད་རྣམས་ནི་སྐད་ཅིག་ལ་བྱེར་ཞིང་། གཟུགས་ཅན་མི་རྣམས་ཀྱང་སྙིང་རྩ་འདར་བ་དང་། ཕེབས་ལམ་སོགས་ལ་འཇིག་རྟེན་པའི་མཐུ་བོ་ཆེར་འབོད་པ་རྣམས་ཀྱི་རྟེན་ཁར་སོགས་ལ་སྤྱན་གྲུ་གསུམ་དེ་ཉིད་བགྲད་པ་ཙམ་གྱིས་རང་ཞིག་ཏུ་གྱུར་ཏེ་དར་ལྕོག་ལྷུང་འོང་བ་སོགས་ནས་དེ་སྐབས་ཀྱི་ཞབས་འབྲིང་པ་སོགས་ཀྱི་མཐོང་ཆོས་ཡིན་འདུག་པ་དེང་སྐབས་ཀྱང་གླེང་ཞིང་། གཞན་ཡང་རྩ་རླུང་ལ་དབང་ཐོབ་རྟགས་སུ། དགུན་གྲང་དུས་སོགས་སུའང་རས་རྐྱང་ཁོ་ན་མཛད་ཅིང་། རླུང་བཟུང་སྟེ་ཕེབས་རྗེས་ཞབས་འབྲིང་པ་སུས་ཀྱང་མི་གནོན་པ་སོགས་ཚུར་མཐོང་གི་གདུལ་བྱ་རྣམས་ཀྱི་སྣང་ཚུལ་དང་དོན་ལ་རྩ་ཐིག་རླུང་གསུམ་ལ་དབང་འབྱོར་བས་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་དང་གཉིས་སུ་མ་མཆིས་པར་མངོན་ནོ། །དེ་ལས་གཞན་པའི་རྡོ་ལ་རྐང་ལག་གི་རྗེས་སོགས་འཇོག་པ་རྫས་ངན་གྱི་ཆོ་འཕྲུལ་ལས་ཀྱང་འབྱུང་ཞིང་། མངོན་ཤེས་སོགས་ནི་ཐེ་བྲང་གྲུབ་པ་ཁ་ཅིག་ལ་ཡང་འབྱུང་བས་མཚར་དུ་རྩི་བ་ནི་རང་གིས་རང་བསླུ་བར་ཁོ་ནར་སེམས་སོ། །གཞན་ཡང་རྣམ་ཐར་ཞལ་གསུང་མ་གོང་འཕྲོས་ལས། གཞན་ཡང་ངོ་མཚར་རྣམ་ཐར་འདི་འདྲ་ཡོད། །ཡོན་ཏན་མི་ཤེས་དཔེ་ཆའི་དཀྱིལ་དུ་ཉལ། །སྐད་གདངས་མི་ཤེས་སྐད་ཆེན་བོང་བུ་འདྲ། །རྒྱན་བཟོ་མི་ཤེས་མར་ཚོན་ཐམས་ཅད་ཕུང་། །གཏོར་བཟོ་མི་ཤེས་རྩམ་པ་ཡོད་ཚད་བརླག །ཐིག་རྩ་མི་ཤེས་སྐུད་པའི་དཀྱིལ་དུ་སྡོད། །རི་མོ་མི་ཤེས་རྡུལ་ཚོན་རི་ལྟར་སྤུངས། །མདོས་དཀྲི་མི་ཤེས་སྣལ་མ་གཞུག་གུ་འབུད། །རོལ་མོ་མི་ཤེས་རྫི་རི་རྫི་ཚད་སྡེབས། །རྔ་