R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༡
[A:༥༡༡]རྡུང་མི་ཤེས་རྔ་གོག་ཡོད་ཚད་གཤོག །གར་འཆམ་མི་ཤེས་རྐང་པ་མེས་ཚིག་འདྲ། །ཡི་གེ་མི་ཤེས་སྨྱུ་གུ་མདུང་ལས་རིང་། །གཏམ་བཤད་མི་ཤེས་ལྐུག་པ་མགོ་གཅིག་ཡིན། །དེ་སོགས་ངོ་མཚར་རྣམ་ཐར་དཔག་མེད་འདི། །ས་སྐྱའི་གྲུབ་ཐོབ་སྨྱོན་པ་དམུ་མེད་པ། །དབང་སྡུད་སྙིང་པོ་གང་གི་རྟོགས་བརྗོད་ཡིན། །འདི་འདྲ་འཇིག་རྟེན་ཁམས་ན་ཆེས་རབ་དཀོན། །ཅེས་གསུངས་པ་རྣམས་ནི། འཇམ་དབྱངས་ས་པཎ་གྱིས། བླུན་པོའི་ཡོན་ཏན་ཁར་འབྱིན་ཏེ། །མཁས་པའི་ཡོན་ཏན་ཁོང་དུ་སྦེད། །ཅེས་དང་། ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོ་ཅ་ཅོ་ག་ལ་སྒྲོག །ཅེས་སོགས་གསུངས་པ་བཞིན། གཞན་གྱི་ཡོན་ཏན་ཆུང་ངུ་ལའང་ཆེན་པོར་ལྟ་བ། རང་ཉིད་ཀྱི་ཡོན་ཏན་ཇི་ལྟར་ཆེ་རུང་རྟག་ཏུ་དམན་ཆ་འཛིན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་ཤིན་ཏུ་བསྔགས་པའི་ཡུལ་ཏེ། སྐྱེས་བུ་དམ་པ་ཡིན་པར་མཛད་སྤྱོད་དེ་དག་ལས་རྟོགས་པའི་ཕྱིར་རོ། །དེ་རྣམས་ནི་ཆུ་ལུག་ནག་ཟླའི་ཚེས་དགུར་འཁྲུངས་པ་ནས་ས་སྦྲུལ་ས་ཟླའི་བར་གྱི་རྣམ་ཐར་རགས་ཙམ་སྟེ་ཞིབ་ཆ་ས་ཆེན་ཀུན་བློའི་རྣམ་ཐར་བཞིན་ལོ་ཁམས་སོ་སོར་མཐར་ཆག་འགོད་པར་མཛད་ཚུལ་ཟིན་བྲིས་སོགས་མེད་ཅིང་མ་གསལ་བས་འོལ་ཚོད་འགོད་མ་ནུས་པ་བཅས། གཞན་དུ་འགྲོ་མགོན་འདི་ཉིད་ཀྱི་མཛད་འཕྲིན་རབ་འབྱམས་སྔགས་འཆང་ཆེན་པོ་དང་། ཨ་མེས་ཞབས་རྣམ་འདྲེན་ཀུན་བློ་སོགས་དང་མཚུངས་པར་ཤེས་པར་བྱའོ། །དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་སོགས་རྒྱ་ཆེན་མཛད་པ་རྣམས་ལ་ཐུགས་དགོངས་རྫོགས་ཤིང་