R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༥
[A:༥༢༥]བློས་བླངས་བཏེག་སྟེ། དབུ་བྱེད་ཆེ་ས་ནས་སྤོས་རེང་བུ་ཐོགས་ཏེ་ཚིག་རིགས་དང་བསྟུན། སོ་སོར་ངོ་སྤྲོད་བཅས་ཚོགས་པས་མཎྜལ་སོ་བདུན་མ་གདངས་བཅས་གང་གི་མཆོད་རྫས་མ་བཅས་གྲུབ་ནས། འཇམ་མགོན་པད་མའི་མཚན་ཅན་གྱིས་སེམས་བསྐྱེད་གསལ་འདེབས་པར་མཛད་དེ། འཇམ་མགོན་ས་སྐྱ་པཎྜི་ཏའི་སྐུ་ཆེ་བའི་ཡོན་ཏན་གྱི་ཇེང་དྲངས་ཏེ་གང་དེར་དབུས་གཙང་ཁམས་གསུམ་དུ་གསུངས་པའི་ཚོགས་ཆོས་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ཞེས་གྲགས་པའི་དབུའི་མཚན་དོན་ནས་བརྩམས། བསམ་གཏན་གྱི་ཕར་ཕྱིན་ཡན་ཆད་དང་། ཉིན་བར་མར་བཅའ་སྒྲིགས་རྣམས་གོང་བཞིན་གྱི་སྐུ་གསུམ་ཡེ་ཤེས་ཀྱི་རྣམ་བཞག་ཡན་ཆད། ཉིན་གསུམ་པར་སྐྱབས་མགོན་ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་ཉིད་དང་བཅས་ཡབ་སྲས་བཞི་ཆར་གོང་གི་དགེ་མཚན་དང་བཅས་ཕེབས་ཏེ། ཁྲི་ཆེན་གྱི་སྟེང་དུ་ཡབ་སྲས་བཞི་ཆར་བཞུགས་ཏེ། བཅའ་སྒྲིགས་རྣམས་གོང་བཞིན་གྱི་འཇམ་མགོན་པདྨའི་མཚན་ཅན་ནས་སེམས་བསྐྱེད་གསར་འདེབས་པར་མཛད་དེ་སྔ་འཕྲོས་སྐུ་གསུམ་ཡེ་ཤེས་ཀྱི་རྣམ་བཞག་མན་ནས་མཇུག་སྦྱར་བྱང་བར་སྔོན་བྱོན་ཡབ་སྲས་གོང་མའི་བཞེད་སྲོལ་བཞིན་གསལ་དག་སྙན་གསུམ་གྱི་སྒོ་ནས་ཐུགས་ཐོག་ནས་རྫོགས་པར་བསྩལ་ཏེ། དེ་དུས་ཀྱི་སྐྱ་སེར་ཐམས་ཅད་འཇམ་དཔལ་གཞོན་ནུ་དངོས་དང་མཉམ་པའི་མོས་གུས་འཕེལ་བར་གྱུར་ཏོ། ། དེ་སྐབས་གཞུང་ས་ཆེན་པོ་ནས། གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་བློ་བཟང་ལུང་རྟོགས་རྒྱ་མཚོ་མཆོག་དང་། སྲིད་སྐྱོང་རྟ་ཚག་ནོ་མི་ཧན་བློ་བཟང་དཔལ་ལྡན་རྒྱལ་མཚན། པཎ་ཆེན་