R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༩
[A:༥༢༩]གསན་པ། རྗེས་སུ་ངག་དབང་སྨིན་གྲོལ་རྒྱ་མཚོ་ལས་གསན་འདུག རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་། རྣམ་སྲས་ཞི་དྲག་གི་པོད་ལུང་དང་བཅས་པ་སོགས་གསན་པ་རྒྱ་མཚོ་ལྟ་བུ་མཛད་པས། རྗེ་ཉིད་ཀྱི་དབུ་བླ་རྣམས་ཀྱི་ནང་ནས་ཀྱང་འདི་ཉིད་ལ་གཙོ་བོར་མཛད། གཞན་ཡང་རྡོ་རྗེ་ཕྲེང་བའི་དབང་ཡང་གཞན་པར་གསན་ཚུལ་མི་སྣང་བས་འདི་ཉིད་ལ་གསན་ནམ་སྙམ་ཞིང་། མདོ་ཕྱོགས་པོད་ཆེན་དྲུག་མཚན་ཉིད་དང་། སྙན་སུམ་སོགས་རིག་གནས་ཀྱི་སྐོར་ཡང་མང་དུ་གསན་བསམ་མཛད་པ་ཉིད་ཀྱི་གསུང་ལས། ངེད་ལོ་གཞོན་ནུའི་དུས་སུ་སྤྱིར་ཡབ་རྗེ་རྡོ་རྗེ་འཆང་དང་། ཁྱད་པར་ཡོངས་འཛིན་དམ་པ་ཀུན་བཀྲས་དེ་ཉིད་ཀྱི་ཞབས་པད་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སློབ་སྦྱོང་མི་དམན་ཙམ་བགྱིད་རྒྱུ་བྱུང་བ་སྐལ་བ་བཟང་ཞིང་། ད་ལྟ་ཡང་རང་རྒྱུད་ལ་ཡོན་ཏན་ཆ་ཤས་ཙམ་ཡོད་པ་ནི་དཔོན་སློབ་དེ་ཉིད་ཀྱི་བཀའ་དྲིན་ཡིན་པས་ཁྱེར་མཐའ་མ་མཆིས་སོ། །ཞེས་ཡང་ཡང་གསུངས་པར་གྲགས་པ་སོགས་ཀྱིས་ཤེས་སོ། །རྗེ་བཙུན་རྨོའུ་དྲུང་འཆི་མེད་བསྟན་པའི་ཉི་མ་ཞེས་གྲུབ་པའི་དབང་མོ་དེ་ཉིད་ལས། གཙོ་བོ་གསུང་ངག་སློབ་བཤད་ཀྱི་སྨིན་གྲོལ་ཡོངས་རྫོགས། བྱིན་རླབས་རིགས་རྒྱབ་རྟེན་ལུང་དང་བཅས་པ་ས་ཆེན་ཀུན་བློའི་གསན་ཡིག་ལྟར་ཕལ་ཆེར་གསན་པར་ངེས་ཤིང་། གཞན་ཡང་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་ལུང་གསེར་ཆོས་མཁའ་སྤྱོད་སྐོར་གྱི་བྱིན་རླབས་དང་། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་ཐུན་མོང་མ་ཡིན་པའི་ཞལ་ཤེས་རིགས་དང་། བེའུ་བུམ་སོགས་རྒྱབ་རྟེན་ལུང་