R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༡
[A:༥༣༡]ཕྱོགས་ལ་དགའ་བའི་ཐེའུ་རང་སོགས་བར་ཆད་བྱེད་པར་རྩོམ་པས། སྲུང་འཁོར་ལ་འབད་འབུངས་དགོས་ལུགས་གསུངས་པ་བཞིན་མཛད་པས་སྐབས་ཤིག་ཀྱང་སྔར་བཞིན་ཐལ་བྱུང་དུ་གཟིགས་སྙམ་དང་། སྐོར་ལམ་ཕྱོགས་ནས་བུད་མེད་བཅོ་ལྔ་རྗེ་བཙུན་རྡོ་རྗེ་བདག་མེད་མའི་རྩ་སྔགས་འདྲེན་ཞིང་འགྲོ་བ་གཟིགས་པ་སྐུ་གམ་ན་གནས་པ་རྣམས་ལ་ངེད་ཀྱི་འདི་བཞིན་མཐོང་བ་བསྐོར་ལམ་ཕྱོགས་ན་ཇི་འདུག་ལྟོས་ཤོག་གསུངས་པ། ཁམས་མོ་བཅོ་ལྔས་དབྱངས་འཐེན་བཞིན་འགྲོ་འདུག མཐོང་ཚུལ་ཞུས་པ་རྣམས་བླ་མ་ཀུན་བཀྲས་མཆོག་ལའང་དོགས་སེལ་ཞུས། ལན་དུ་འདི་ནི་ཤིན་ཏུ་བཟང་སྟེ། ཁྱེད་ཉིད་དགེས་པ་རྡོ་རྗེའི་རྣལ་འབྱོར་ལ། བདག་མེད་ལྷ་མོ་བཅོ་ལྔས་བསྐོར་བ་བྱེད་པ་ཡིན་སོགས་གསུངས། ཡང་སྐབས་ཤིག་འོད་གསལ་གྱི་ངང་ནས་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་རྩ་ཞལ་བཻཌཱུརྱ་དྭངས་པའི་མདོག་ལྟ་བུ་སྔོན་དུ་གཟིགས་ཤིང་། དེ་ནས་ཇེ་གསལ་ཇེ་གསལ་གྱིས་གཡས་གཡོན་གྱི་ཞལ་ལྷག་མ་རྣམས་དང་། ཕྱག་ཞབས་རྒྱན་ཆ་ལུགས་རྣམས་ནས་མེ་རིས་བར་ཇི་བཞིན་གཟིགས་རྒྱུ་ཡིན་པ་ལ། ཞབས་འབྲིང་པ་ཞིག་གིས་གཟིམ་སྒོ་ཕྱེས་ཏེ་སྐུ་མདུན་དུ་བྱུང་བས་གཟིགས་སྣང་དེ་བཞིན་འགགས་པས་ཤིན་ཏུ་འཕངས་པ་འཁྲུངས་པ་ནི། འཇམ་མགོན་ཨ་མེས་ཞབས་སོགས་སྔོན་བྱོན་གོང་མའི་རྣམ་ཐར་དང་མཚུངས་པ་ཁོ་ནར་ངེས་ཤིང་། འོན་ཀྱང་ཡོངས་རྫོགས་རང་མ་གཟིགས་པ་ནི་ཅུང་ཟད་བར་ཆད་རྣམ་པ་འདྲ་བ་དང་། ཡང་སྐབས་ཤིག་འོད་གསལ་ངང་ནས་ལག་པ་དམར་མདངས་ཅན་ཞིག་ལ་འཁོར་ལོ་ཡིག་འབྲུ་ཅན་ཞིག་འཁོར་བ། ནན་