R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༢
[A:༥༣༢]གྱིས་གཟིགས་པ་ན། གཟིགས་ཤིག་པའི་བརྡ་ལྟ་བུའི་འཁོར་ལོ་མ་འཁོར་བ་སྡོད་པ་ལ་ཐུགས་ཞིབ་གནང་བས། དམག་བཟློག་གི་གདམས་པ་ཁྱད་པར་ཅན་གཟིགས་ཚུལ་ནང་ཆེན་བླ་མ་དཔལ་བཟང་འཕྲིན་ལས་ཀྱིས་མཛད་པའི་རྗེ་ཉིད་ཀྱི་རྣམ་ཐར་ཚིགས་བཅད་མ་དང་། གསུངས་རྒྱུན་ལས་ཀྱང་བྱུང་བ་དོན་དུ་དམག་སོགས་གཡུལ་བཟློག་གི་མན་ངག་ཁྱད་པར་ཅན་ཞིག་རྗེ་ཉིད་ལ་ལྷག་པའི་ལྷ་ཡིས་གནང་བའི་ཉེ་བརྒྱུད་ཅིག་བཞུགས་པར་གྲགས་པ་སོགས་མཚན་མའི་བསྙེན་པ་རབ་འབྲིང་ཐ་གསུམ་ལས། ཡི་དམ་ལྷ་ཡི་ཞལ་མཐོང་ཞིང་གདམས་པ་ཁྱད་པར་ཅན་བསྩལ་བ་ནི་མཚན་རྟགས་རབ་སྟེ། འཕགས་ཡུལ་གྱི་གྲུབ་ཆེན་བིརྺ་པ་སོགས་དང་མཚུངས་པར་མངོན་ནོ། །དེ་ལྟ་བུའི་མཚན་རྟགས་གྲངས་ཀྱི་བསྙེན་པ་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་མཐར་ཕྱིན་ནས། བླ་མ་གོང་མའི་དུས་མཆོད་རྣམས་ཀྱི་རྡོ་རྗེ་སློབ་དཔོན་དང་འབྲེལ། གདུལ་བྱ་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་བཟང་ལ་བཀྲི་བ་སོགས་སྔོན་བྱོན་གོང་མའི་ཕྱག་ལེན་བཞིན་ཉམས་མེད་མཛད་པ་དང་གཞན་ཡང་སྔ་ཕྱི་མ་ངེས་པར་བསྙེན་སྒྲུབ་མཛད་པ་ནི། ཕྱག་རྡོར། འབྱུང་འདུལ། རྡོ་རྗེ་ཕུར་པ། གུར་ཞལ་སོགས་ཡི་དམ་ཆོས་སྲུང་རྣམས་ཀྱི་དུས་གྲངས་མཚན་མའི་བསྙེན་པ་རྣམས་སྐུ་གཞོན་ནུའི་དུས་ནས་མཐར་ཕྱིན་པ་སྒྲུབ་པར་མཛད་ནས་གདན་ས་ཆེན་པོ་འདི་ཉིད་ན་བཞུགས་པའི། ཕུར་སྒྲུབ་ཆེན་མོའི་དུས་མདོས། རྡོ་རྗེ་ཕུར་པ་དང་། ཆོས་སྐྱོང་གུར་ཞལ་སོགས་ཀྱི་གཏོར་བཟློག་བཅས་ཀྱི་རྡོར་སློབ་སོགས་ཕྱག་ལེན་རྣམས་འགན་བཞེས་གནང་བས་ཀུན་ལ་དྭངས་བ་འདྲེན་པ་དང་དེ་ལྟར་