R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༣
[A:༥༣༣]ཐོས་བསམ་སྒོམ་གསུམ་གྱི་ཐུགས་རྒྱུད་སྦྱངས་ཏེ་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྤྱི་བྱེ་བྲག་ལ་ཕན་བདེའི་སྲི་ཞུ་ཇི་ལྟར་མཛད་ཚུལ་བསམ་ལས་འདས་ཀྱང་། མདོ་ཙམ་སྨོས་ན། རྗེ་ཉིད་དགུང་གྲངས་བཅོ་ལྔར་ཕེབས་སྐབས་ཙམ་ལ་ཡབ་རྗེ་རྡོ་རྗེ་འཆང་ཉིད་ཁྲི་འཛིན་དགོངས་ཞུ་མཛད་དེ། གང་གི་རིགས་སྲས་རྣམ་གསུམ་ཆོས་ཁྲི་ཆེ་འདོན་མཛད་ཚུལ་གོང་བཞིན་དང་། ལྷག་པར་རྗེ་ཉིད་བླ་ཆེན་འཕགས་པ་རིན་པོ་ཆེས་བཞུགས་ཁྲི་པདྨ་ཅན་ལ་མངའ་གསོལ་ཏེ་གདན་ས་ཆེན་པོ་འདི་ཉིད་ཀྱི་ཆོས་སྲིད་ཀྱི་ཁུར་གང་ཡོད་འབོགས་པར་མཛད་དེ། ཡབ་རྗེ་ཉིད་ཀུན་སྤང་བྱ་བྲལ་གྱི་སྤྱོད་པས་བླ་མ་གོང་མའི་དབེན་གནས་སྒྲུབ་ཕུག་རྣམས་སུ་ཐུགས་དམ་ཁོ་ན་ལ་གཞོལ་མུར་ས་སྦྲུལ་ཟླ་བ་བཞི་པའི་ཚེས་བཅུ་དྲུག་ལ་སྤུར་དཀར་གཞིས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་སྐབས། དགོངས་རྫོགས་རྣམས་ཇི་ལྟར་སྒྲུབ་པར་མཛད་ཚུལ་སོགས་གོང་ཡབ་རྗེ་དབང་སྡུད་སྙིང་པོ་ཉིད་ཀྱི་རྣམ་ཐར་སྐབས་རགས་ཙམ་སྨོས་པ་བཞིན་དང་། ལོ་ལྟར་གྱི་དུས་མཆོད་དུ་ཉིད་ཀྱི་དབུ་བླ་ཀུན་བཀྲས་དང་། ཡབ་རྗེའི་སྐུ་མཆེད་ཨེ་ཝཾ་བཟང་པོ་རྣམས་ཀྱི་སྐུ་མཆོད་དུ་ཆོས་སྡེ་བྱང་པ་ཚོགས་ཡོངས་ནས་ཀྱཻ་རྡོར་མན་ངག་ལུགས་ཀྱི་སྒྲུབ་མཆོད་ཚུགས་གྲོལ་དགུ་ལ་ཉིན་བར་མ་ཆོ་ག་གཉིས་རེ་མཛད་སྲོལ་སྔ་ཐོག་གི་ཕྱག་ལེན་བཅས་ཁྱོན་སྟ་གོན་མ་ཐེ་བའི་དངོས་ཆོག་བཅོ་ལྔ། ཉིན་དང་པོ་ཚོགས་ཆེན་ལ། བླ་མཆོད་བཅས་པར་ཕྱག་ཆ་མཆོད་ཆས་རྩེ་གཞུང་ནས་བསྙེན་བཀུར་བཅས་ཟབ་མ། དེང་སྐབས་སྒྲུབ་མཆོད་ཟབ་བཞེས་