R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༤
[A:༥༣༤]སུ་གྲགས་པ་དང་། དུས་ཆེན་ཉིན་ལྷོ་བྱང་ཆོས་ལྷུན་ཚོགས་ཡོངས་བཅས་ལ་འབྲས་འཇམ་སྐྱོ་མ་སོགས་སྡེ་སྣོན་ཟབ་མའི་ཐོག་གསེར་འགྱེད། དུས་ཆེན་གཞན་གཉིས་ལ་ཇ་ཐུག་གདན་སྣོན་གོང་འདྲ་ལ། འགྱེད་མེད་པ་དེང་སྐབས་དུས་ཆེན་དུ་གྲགས་པ་འདི་རྣམས་གསར་འཛུགས་མཛད། གཞན་ཟླ་དུས་བླ་མཆོད་ཚེས་མཆོད་ཞེས་པ་དང་ཕྱི་ལོ་དུས་མཆོད་སྐབས་གསེར་དངུལ་བཀྲ་མའི་བྱང་ཆུབ་མཆོད་རྟེན་སྐུ་རྒྱན་ནང་གཟུངས་བཅས་ཁྱད་པར་དུ་འཕགས་པ་རིག་འཛིན་ལྷ་ཁང་དུ་བཞུགས་པ་འདི་སོགས་གསར་བསྐྲུན་མཛད་དེ། ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་ཐབས་རྒྱ་ཆེར་མཛད་དོ། །དེ་ནས་མི་རིང་བར་མཛོད་པ་སོགས་སྣེ་མོ་བ་རྣམས་མོལ་ཏེ། ས་སྐྱ་པའི་བསྟན་སྲིད་ཀྱི་རྩ་བ་གདུང་རབས་རིན་པོ་ཆེའི་ཕྲེང་བ་སྲིད་མཐའི་བར་དུ་འབྱོན་འགྱུར་གྱི་རྩ་བ་ཁབ་བཞེས་མཛད་པར་ཞུས་ཏེ། སྔོན་དུས་དཔལ་ལྡན་གྲུབ་ཐོབ་འདར་འཕྱར་རུ་བའི་རིགས་རྒྱུད་གསང་སྔགས་རྙིང་མའི་རིག་འཛིན་སྙིང་རི་བའི་སྲས་མོ་སྐུ་མཆེད་གཉིས་ཆར་གྱི་གཟུང་མར་ཕུལ་ཏེ་གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ་སྨིན་པར་མཛད་དེ་མཚན་པདྨ་བུ་ཁྲིད་དུ་གསོལ་ནས་ལས་རྒྱར་བསྟེན་པ་ལས། རིང་མིན་གདུང་སྲས་ཞིག་འཁྲུངས་རྟགས་བཟང་བ་དང་བཅས་བྱུང་བ། མཚན་ངག་དབང་མཐུ་སྟོབས་དཔལ་འབྱོར་དུ་གསོལ་ཏེ། འཁྲུངས་སྟོན་དུས་མདོས་ཟབ་མ་སོགས་སྔོན་ལམ་བཞིན་དགའ་སྟོན་རྒྱ་ཆེར་མཛད་ཅིང་རིང་མིན་རྒྱུད་སྟོན། ཕུར་སྒྲུབ་སོགས་ལའང་ཕེབས་ཐུབ་པ་བཅས། ཡབ་རྗེ་སྐུ་མཆེད་ཀྱི་ཐུགས་རྟེན་སྙིང་དང་