R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༦
[A:༥༣༦]གྲུབ་པའི་ཡིད་བཞིན་འཁོར་ལོའི་སྣང་བརྙན་བཅས་ཁྲུ་ཙམ་མཛོད་སྤུ་པྲོག་ཞུ་སོགས་རིན་པོ་ཆེའི་ཕྲ་རྒྱན་དུ་མས་སྤྲས་པ་གསར་བསྐྲུན་དང་། ཡབ་རྗེ་ཉིད་ནས་སྡེ་དགེ་ས་སྐྱོང་ཚེ་དབང་རིག་འཛིན་ལ་ཞལ་མངགས་མཛད་པའི། འཕགས་པ་གཟུངས་གྲྭ་ལྔའི་སྣང་བརྙན་བཞུགས་ཁྲི་རྒྱབ་ཡོལ་བཅས་གསེར་ཟངས་ལས་གྲུབ་པ། གཞན་ཡང་སྨན་འདམ་བྱིན་ཅན་ལས་གྲུབ་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་སྣང་བརྙན་རྣམས་ཕལ་ཆེར་ཞལ་གྲོ་ལྷ་ཁང་བཞིན་བཞུགས་པ་དང་། གཙུག་ལག་སྟེང་མར་བྲག་རི་བཀོད་ལེགས་ཁྲོད་དུ་ཐུབ་དབང་གནས་བཅུ་རྣམས། ཞལ་གྲོ་ལྷ་ཁང་སྟེང་མ་བཞིན་བཞུགས་པའི་བླ་སྐུ་རྣམས་དང་བཅས་བཞུགས་པ་ལ། ས་རྒྱན་གནམ་རྒྱན་གསོ་བཟང་འབའ་ཞིག་ལས་བསྐྲུན་པ་མཆོད་རྫས་གསེར་སྲང་ཞེ་གཉིས་ལས་བསྐྲུན་པའི་གསེར་ཀོང་སྣང་བ་རབ་འབྱམས་ཀྱི་གཙོས་པའི། ནོར་ཤེལ་དངུལ་སོགས་རིན་ཆེན་ཁམས་ལས་གྲུབ་པའི་ཏིང་ཕོར་དཀར་ཆས་སོགས་ངོ་མཚར་ཅན་དུ་མ། གཞན་ཡང་སྐུ་བརྙན་རྣམས་ལ་ན་བཟའ་བཞུགས་གདན་སོགས་བཟང་གོས་ཁོ་ན་ལས་བསྐྲུན་པ་ལྷ་ཁང་རྟེན་དང་བརྟེན་པའི་མཚན་དུའང་ཕུན་ཚོགས་ཞབས་བརྟན་ལྷ་ཁང་། དགེ་ལེགས་རྒྱ་མཚོའི་འབྱུང་གནས་རིགས་གསུམ་གདུང་རབས་ཆར་འབེབས་སུ་མཚན་གསོལ་བར་མཛད། དེའི་ནུབ་མགོན་ཁང་ལོག་འདྲེན་ཚར་གཅོད་རིགས་གསུམ་གདུང་རབས་ཆར་འབེབས་ཀྱི་རྟེན་གྱི་གཙོ་བོ། བསྟན་སྲུང་ཀུན་གྱི་སྡེ་དཔོན་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྣང་བརྙན་ཐོག་སོ་གང་ཙམ་པ་སྨན་འཇིམ་ལས་གྲུབ་པ། བྱིན་རླབས་ཀྱི་