R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༨
[A:༥༣༨]དར། དབུ་ཟུར་དམ་ཆོས་དོན་ལྡན་སོགས་དེ་སྐབས་ཀྱི་དགེ་བཤེས་སྐུ་ཡོན་ཅན་རྣམས་དང་། བན་ཚང་འདུས་ཚོགས་དང་བཅས་ནས་དགེས་པ་རྡོ་རྗེའི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་རབ་གནས་རྒྱས་པ་ཉིན་གསུམ་མ། ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་པ་གྲོལ་ཉིན། ཕྱི་བསྐོར་ལ་མེ་ཏོག་འཐོར་བ། ལྷ་ཆེན་གློ་སྦུར་ལ་གོས་སྐུ་ཞལ་ཕྱེ་མཆོད་ཚོགས་རབ་འབྱམས་དང་། དགེ་འདུན་གྱི་སྡེ་དང་། མངའ་ཞབས་རྣམས་ལ་འགྱེད་སོགས་དགའ་སྟོན་གྱི་རིམ་པ་སྔོན་བྱོན་གོང་མའི་བཞེད་སྲོལ་ལྟར་མཛད་པ་ནས་བཟུང་། གདན་ས་འདི་ཉིད་དུ་གདུང་སྲས་རྣམས་ཀྱང་འབྱུང་སླ་ཞིང་སྐུ་ཚེ་བརྟན་པ། ཕྱོགས་དུས་ཀུན་ཏུ་ནད་མུག་དང་བྲལ་ཞིང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་དགེ་མཚན་གྱི་དཔལ་དང་ལྡན་པ་བྱུང་ངོ་། །སྐྱབས་རྗེ་འདི་ཉིད་དགུང་གྲངས་སོ་གཉིས་ཕེབས་པ་ཆུ་ལུག་ལོ་ནང་ཡབ་རྗེ་ཁྲི་སྐྱོང་ཉིད་དང་། གཅུང་པོ་ཀུན་རིན་ཡུམ་མཆོག་ཞིང་སྐྱོང་དབང་མོ་བཅས། གོང་ས་རྒྱལ་དབང་སྲིད་སྐྱོང་བཅས་པའི་གསེར་ཞལ་མཇལ་ཕྱག་དང་བསྟན་འགྲོའི་ཕན་བདེ་སྤེལ་སླད་དབུས་ཕེབས་དགོངས་བཞེད་གནང་སྟེ། གསོལ་གཟིམ་བན་ཚང་པ་སོགས་ཞབས་འབྲིང་པ་དང་། ཉེ་སྤྱོད་རྣམས་གྲ་སྒྲིག་མཛད་དེ་ཕེབས་པར་ཉེ་བ་ན་བཞི་ཐོག་ཚོམ་བར་མགོན་ཁང་དུ་དབང་ལྷ་སྐོར་གསུམ་གྱི་ཆོ་ག་མཛད་སྐབས། ཁམས་པ་ཞིག་ནས་མྱུར་མཛད་ལྷ་མོའི་གསེར་སྐུ་སྒྲོས་གཙང་སྤུས་ལྡན་ཞིག་ཕུལ་བ་འདི་རྟེན་འབྲེལ་ཤིན་ཏུ་ལེགས། འཕགས་མ་རིག་བྱེད་ལྷ་མོ་གྲུབ་པའི་རྟགས་ཡིན་གསུངས་དགེས་པར་མཛད་པ་དང་། ཧོར་ཟླ་དགུ་བའི་