R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༨
[A:༥༤༨]ཡུམ་རང་བྱོན་མ་བགྲེས་མ་བཅས་བཞུགས་པ་དང་སྐུ་མཆེད་གྲས་ཆུང་བ། འཇམ་མགོན་ཀུན་དགའ་རྒྱལ་མཚན་ནས་བཀྲས་བརྩེགས་བླ་བྲང་ནུབ་འདི་སྔ་དུས་ཡོད་ཅིང་། བཀྲས་བརྩེགས་ཤར་རམ་མཆོད་ཁང་དུ་གྲགས་པ་འདི་བཞིན་གསལ་སྐྲུན་གྱིས་གང་གི་ཡུལ་མཆོག་རང་བྱོན་མ་ཆུང་བ། དམ་ཚིག་སྒྲོལ་མ་བཅས་བཞུགས་པ་འདི་རྣམས་ཀྱི་རབ་གནས་བདག་ཁྲི་ཡབ་རྗེ་པདྨའི་མཚན་ཅན་གདན་དྲངས་ཏེ་མཛད་ཚུལ་དང་། གཞན་ཡང་ཐང་རྒྱལ་ལྷ་ཁང་ངམ། དམག་བཟློག་ལྷ་ཁང་དུ་གྲགས་པ་འདི་ཡང་རྟེན་དང་བརྟེན་པར་བཅས་ཡབ་རྗེ་པདྨའི་མཚན་ཅན་ཉིད་ཀྱིས་འོད་གསལ་དུ་ལྷ་བླའི་ལུང་བསྟན་པ་ལྟར། རྟེན་གཙོ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་སྨན་འདམ་ལས་གྲུབ་པ་ཆེ་བ་རིང་བསྲེལ་རྣམ་བཞིའི་གོང་བུ་ཅན་སྤ་ཏྲིའི་དབུས་ན་བཞུགས་པ་དང་། ལོགས་བྲིས་སུ་གྲུབ་ཆེན་ཉིད་ཀྱི་སྐུ་བརྒྱ་ཕྲག་བརྡལ་བར་བཞུགས་པ། རབ་ཏུ་གནས་པ་ཡབ་རྗེ་པདྨའི་མཚན་ཅན་ཉིད་ནས་མཛད་ཅིང་། ཞབས་བརྟན་ལྷ་ཁང་བྱང་ངམ་མཆོད་ཁང་དུ་གྲགས་པ་བཀྲས་བརྩེགས་འདྲ་ཅོག་མཛད་པ་འདིའི་བྱང་། རྗེ་ཉིད་བཞུགས་ཡུལ་སྒྲུབ་ཕུག་བཀོད་ལེགས་འདི་རྣམས་ཀྱང་ནང་རྟེན་བཅས་གསར་སྐྲུན་མཛད་ཅིང་། གཞན་ཡང་ཞབས་ལྷ་དང་། དམག་བཟློག་ཕོ་བྲང་གཉིས་ཆར་གྱི་གཟིམ་ཆུང་ཐབ་ཚང་ཞོལ་ཤག་རྡོ་གཅལ་བཅས་བཀོད་ལེགས་འདི་རྣམས་དང་། ཁྱད་པར་སྒྲོལ་སྟེང་ངམ་དམག་བཟློག་ཕོ་བྲང་གི་ཐོག་རྗེ་ཉིད་ཀྱི་གཟིམ་ཕུག་ལྡེབས་བྲིས་ལ་རྒྱུན་གཏན་ཐུགས་དམ་གང་ཡིན་གྱི་ལྷག་ལྷའི་སྣང་བརྙན་སྐྱ་བྲིས་སུ་མ་ཚང་བ་མེད་པ་བཞུགས་