R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༢
[A:༥༦༢]འདྲ་ཐོགས་མེད་དུ་གསུང་ཚུལ་མང་དུ་འདུག་ཀྱང་། ཡི་གེ་མང་བས་འཇིགས་ནས་དེ་ཙམ་དང་། ཁ་ཅིག་དགོས་དབང་གི་རྗེས་སུའང་བྱུང་ཤིང་དེ་ལྟ་དམ་པའི་ཡོན་ཏན་བཅུ་གཉིས་སམ་དགུ་རུ་འདུས་པ་ལས། དང་པོ་ལྟར་ན། མཁྱེན་བརྩེ་ནུས་གསུམ། མཁས་བཙུན་བཟང་གསུམ། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་དང་བཅུ་གཉིས། གཉིས་པ་ལྟར་ན། མཁས་བཙུན་བཟང་གསུམ་སོགས་དགུར་བསྡུས་པ་ལས། ཐོས་བསམ་མཛད་ཚུལ་སོགས་གཞན་རྣམས་གོང་གི་གསེབ་ཚགས་རྣམས་སུ་ཅི་རིགས་བསྟན་ཟིན་ནས། བསྒོམ་སྒྲུབ་ཇི་ལྟར་མཛད་ཚུལ་ཡང་གོང་དུ་བརྗོད་པ་ལྟར་ཡབ་ཆོས་ཡི་དམ་རྡོ་རྗེ་གཞོན་ནུ་དང་། ཀྱཻ་རྡོར། ཕྱག་རྡོར། འབྱུང་པོ་འདུལ་བྱེད། གུར་ཞལ་རྣམས་ཀྱི་གཞི་བསྙེན་མཐར་ཕྱིན་པ་མཛད་པ་དང་། གཞན་ཡང་རྗེ་བཙུན་རིག་བྱེད་ལྷ་མོ་ཚེ་བསྙེན་སོགས། མཛད་པ་དཔག་ཏུ་མེད་པ་ཡོད་པ་དང་དུས་རྒྱུན་དུའང་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་བཞེངས་ཏེ་ཚེ་སྒྲུབ་རིགས་དང་ཐུགས་དམ་གྱི་གཙོ་བོ་དཔལ་ཀྱཻ་རྡོ་རྗེའི་བསྐྱེད་རྫོགས་ལུས་དཀྱིལ་དང་བཅས་པ་བསྒོམས་ཏེ། དབང་རྒྱས་པ་ལེན་པར་ལམ་དུས་སུ་གྲགས་པ་རྒྱས་བསྡུས་གཉིས་དང་། ལམ་ཟབ་ཕྱི་ནང་། བིར་སྲུང་ཕྱི་ནང་། བདེ་མཆོག་དྲིལ་བུ་ལུས་དཀྱིལ་ལམ་ནཱ་རོ་མཁའ་སྤྱོད་མའི་བསྒོམ་བཟླས་དང་བཞི་ལ་ཆག་མེད་རྣམ་བཞི་གྲགས་པ་རྣམས་དང་། གཞན་ཡང་འཇམ་དཔལ་དཀར་ནག་སེར་གསུམ་ཁྱུང་ཁྲ་ནག་འབྱུང་འདུལ། སིལ་གཏོར་བརྒྱ་རྩ་དཀར་ཆ་བཞི་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་སོགས་གྲུབ་ནས། མཇལ་ཕྱག་དང་ཚོགས་ཕེབས་དབང་དཀའ་རྗེས་གནང་ཚེ་དབང་། ལྗགས་