R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༦
[A:༥༦༦]ཆོས་གྲགས་པ། དྲུང་རམས་པ་བློ་གྲོས་ཆོས་དར། དྲུང་རམས་པ་ཟུང་འཇུག་རྡོ་རྗེ་སོགས་དང་། མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལས་འཕྲོས་པའི་ཆོས་གཏམ་ཁོ་ན་མཛད་པ་མཁས་པ་འདི་རྣམས་དོན་ལ་འཁྲུལ་བ་མེད་ཀྱང་གནས་སྐབས་ཀྱི་ཞལ་བླངས་སྐྱོང་ཚུལ་མི་འདྲ་བ་དུ་མ་བྱུང་ཡང་། སྐྱབས་རྗེ་ཉིད་ནས་གསུངས་པ་རྣམས་ནི་སུས་ཀྱང་རྒོལ་དུ་མེད་པའི་རྡོ་རྗེའི་བཀའ་ཁོ་ན་ཡོང་ཚུལ་དེ་དུས་ལ་ཡོངས་སུ་གྲགས་འདུག་པ་རྣམས་ནི། རྩོད་པ་མཛད་ཚུལ་རགས་ཙམ་དང་། མཁས་པའི་བྱ་བ་གསུམ་པ་རྩོམ་པ་མཛད་ཚུལ་ཡང་། སྔ་དུས་དཔོན་སློབ་གནས་ལྔ་རིག་པའི་པཎྜི་ཏ་དེ་ཉིད་ཀྱི་དྲུང་དུ་ཐུ་མིའི་གཞུང་སུམ་རྟགས་དང་། སློབ་དཔོན་དབྱུག་པ་ཅན་གྱི་སྙན་གཞུང་སོགས་ལ་སྦྱངས་པར་མཛད་པས། རྩོམ་པ་གང་མཛད་ཀྱང་རང་གིས་བརྗོད་བདེ་ཞིང་གཞན་གྱི་རྣར་སྙན་པ། རང་གཞན་གཉིས་ཀའི་དོན་འགྲུབ་པ་ཞིག་ཐ་སྙད་ཀྱི་གཞུང་ལུགས་ཤེས་པ་ལས་འབྱུང་བ། འཇམ་དབྱངས་ས་པཎ་གྱི་མཁས་པ་ལ་འཇུག་པའི་སྒོ་ནས་གསུངས་པ་བཞིན་གྱི་སྔོན་བྱོན་གོང་མའི་ལེགས་བཤད་དྲི་མ་མེད་པ་རྣམས། གཞན་གྱི་སྤངས་དོགས་མང་པོ་རང་མཛད་པ་མི་སྣང་ཡང་ཡབ་རྗེ་ཉིད་ཀྱི་དབུ་བླ་སོགས་ཀྱི་གསོལ་འདེབས་རྒྱས་བསྡུས་དུ་མ། གཏོར་བཟློག་སྦྱིན་སྲེག་རུ་མཚོན་སོགས་ཀྱི་ཆོག་སྒྲིགས་ཁ་ཤས་གདམས་བསྐུར་གཏོར་གཟུངས་དང་སྙན་དར་གྱི་འདོད་གསོལ་སོགས་པོད་ལོང་ཙམ་མཛད་འདུག་པ་རྣམས་ནི། དོན་ཟབ་ཅིང་རྣར་སྙན་པ་སོགས་མཁས་པའི་རྣམ་འགྱུར་ཁོ་ནར་མཆིས་པ་དེ་རྣམས་ཀྱི་སྐུ་ཚེ་འདིའི་མཛད་འཕྲིན་རགས་ཙམ་