R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༨
[A:༥༦༨]གློ་བུར་དུ་ཞིང་བརྗེས་པའི་ཚུལ་བསྟན། དེ་རྣམས་ཀྱི་སྔ་ཕྱིར་ནམ་མཁའ་ལ་སྤྲིན་ཡ་མཚན་རྨད་དུ་བྱུང་བ་གཞན་ནས་དེ་བཞིན་ཡོད་ཚུལ་ཞུས་པ་ན། ཡབ་རྗེ་མཆོག་གི་བཀའ་ལས་འདི་ནི་དབྱིབས་གཟུགས་མཚོན་ཆ་འདྲ་བས་བོད་ལ་མྱུར་དུ་དམག་འཁྲུག་འབྱུང་རྟགས་ཡིན་ཅིང་འོན་ཀྱང་། རྒས་པོ་ངེད་ཐོད་པར་ས་མ་བཀབ་བར་ལ་མི་འབྱུང་། དེ་ནས་ལྟོས་ཤིག་ཡང་ཡང་གསུངས་པ་བཞིན། དམ་པ་གང་ཉིད་དགོངས་རྫོགས་ཟིན་འཕྲལ་ཤིང་ཡོས་ལོ་ནང་གོར་བོད་ཟིང་འཁྲུགས་ཤིག་བྱུང་བ་སོགས་མངོན་པར་མཁྱེན་པའི་ཚུལ་ནི་རྒྱུན་དུ་གསུངས་ཟེར། དགུང་གྲངས་མཐོ་ཡང་འདི་ལོ་སྣྲོན་ཟླའི་མིང་ཆེན་མཆོད་འབུལ་ཉིན་གཉིས་ཆར་ལྷ་ཆེན་གྲལ་དུ་བཞེངས་ཏེ་ཆོས་སྡེ་ལྷོ་བྱང་ཚོགས་ཆེན་དབུས་སུ་གསུངས་གདངས་རྣམས་སྔོན་གྱི་ཕྱག་ལེན་ཇི་བཞིནབསྐུལ་བར་མཛད། ཕུར་སྒྲུབ་རོལ་སྟོན་མཛད་པ་སོགས་སྔགས་འཆང་ཆེན་པོ་དང་འཇམ་མགོན་ཨ་མེས་ཞབས་ཀྱི་རྣམ་ཐར་ལྷུར་བཞེས་ཏེ་གར་འཆམ་སོགས་ལ་སྐྱོན་འདོན་སོགས་སྔར་དང་མི་འདྲ་བ་ནན་དུ་གནང་། ཆོས་སྡེ་ལྷོ་བྱང་གི་མཁན་པོ་བརྩོན་འགྲུས་བཀྲ་ཤིས་སོགས་ལ་ཞིང་ཁམས་གཞན་དུ་བྱོན་རྒྱུའི་རྣམ་འགྱུར་ཁོ་ན་གསུངས་ཤིང་། རིང་མིན་མགོན་ཁང་ཁག་བཞི་སོགས་ལའང་། གཏོར་འཛུགས་འཕར་མ་གནང་སྟེ་རྒྱལ་བསྟན་སྤྱི་བྱེ་དར་ཞིང་རྒྱས་པ། བསྟན་འཛིན་རྣམས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ། འགྲོ་རྣམས་དུས་ཀྱི་རྒུད་པ་ཞི་ནས། ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས་པ་སོགས་བདེ་སྐྱིད་ཀྱི་དཔལ་ལ་རྟག་ཏུ་ལོངས་སྤྱོད་པ་སོགས། དར་ཞིང་རྒྱས་པ་ཁྱད་པར་