R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༢༩
[A:༦༢༩]རྒྱལ་བ་གཉིས་པ་ས་སྐྱའི་བསྟན་པ་གདུང་རྒྱུད་སྡེ་དང་བཅས་པ། དབྱར་གྱི་དཔལ་མོ་བཞིན་དར་ཞིང་རྒྱས་པའི་འཕྲིན་བཅོལ་བཀའ་བསྒོ་གཉེར་གཏད་དག་མཛད་ཅིང་། དེ་ཚེ་བདག་ཅག་གི་ཡབ་རྗེ་གདོད་མའི་མགོན་པོ་དེ་ཉིད་ཀྱི་ཡུམ་གྱི་ཡབ་དེ་ཉིད་གཤེགས་པའི་བྱང་ཆོག་གྲུབ་པ་དང་བསྟུན་གསུངས་ལས། ཡབ་དེ་སྐལ་བ་དང་ལྡན་པ་སྟེ། ལས་སྒྲིབ་རྣམ་པར་དག་ནས་དག་པའི་ཞིང་དུ་སོང་། ངེད་ཀྱིས་ཀྱང་ད་ལན་བྱང་ཆོག་རྗེས་མ་ཡིན་གསུངས། བསྔོ་སྨོན་ཤིས་བརྗོད་རྣམས་རྒྱས་པར་མཛད་པ་དང་། དེ་ནས་ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་བདག་ཁྲི་ཀུན་དགའ་བསོད་ནམས་ཀྱི་འཁྲུངས་སྟོན་སྐབས། བན་ཚང་པ་བགྲེས་གཞོན་མེད་ལ་དམ་པ་ཉིད་ནས་ཕྱག་དབང་སྐབས་དབུ་ཐུག་མཛད་ནས། དེ་ཉིན་བདག་གི་ཕྱག་དབང་རྗེས་མ་ཡིན། ད་ནི་རང་རེ་ཚེ་འདི་ལ་མཇལ་བ་ཞིག་མི་ཡོང་བས། ཕྱི་མ་རིང་མིན་མཇལ་བའི་ཐུགས་སྨོན་ཞུ་ཞིང་། བགྲེས་གཞོན་ཀུན་ནས་བསྟན་པའི་ཞབས་ཏོག་ཧུར་བསྐྱེད་མཛོད་ཅིག་ཅེས་བཀའ་བསྩལ་བ་ན། ཚང་མ་ཡིད་ཞུམ་སྟེ་ཅི་ཡིན་ནམ་ཅི་ཡིན་ནམ་ཟེར་ཞིང་ཚོམ་མེར་ལུས། དེ་ནས་ཕོ་བྲང་སྟེང་དུ་ཕེབས་ནས་སྐུ་མཆེད་ལྷན་རྒྱས་སར་ཡབ་རྗེ་པད་མའི་མཚན་ཅན་ཉིད་ཀྱིས་རང་བཞིན་གྱི་གསུང་གླེང་སྣ་ཚོགས་མུར། ནུ་བོ་རྒྱན་མཆོག་ཁྱེད་རང་ལོ་ཤས་བསྟན་འགྲོའི་དཔལ་དུ་བཞུགས། བདག་ནི་རྒས་ཤིང་གོག་པའི་ལུས་འདི་དོར་ནས་རྐང་བདེ་མིག་གསལ་རྣམ་རིག་གྲུང་བ། བྱིས་པ་གཞོན་ནུའི་ལུས་རྟེན་ཞིག་ངེས་པར་འདོད་གསུངས་པས། གཅུང་པོ་ཀུན་རིན་ལགས་ནས་ཇོ་ལགས་དེ་འདྲ་གསུངས་པས་