R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༠
[A:༥༧༠]གང་ལ་འཐུས། བསྟན་འགྲོའི་དཔལ་དུ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཐུགས་འདུན་གནང་དགོས་གསུངས་པས། ཨ་བདག་གིས་ཀུ་རེ་ཞུས་པ་ཡིན་གསུངས་ཀྱང་། དོན་ལ་རིང་མིན་ཞིང་བརྗེ་རྒྱུའི་དགོངས་བཞེས་ཁོ་ན་མཛད། དེ་ནས་ཞབས་བརྟན་ལྷ་ཁང་དུ་ཆིབས་བསྒྱུར་རྗེས། ནུ་བོ་ཀུན་དགའི་མཚན་ཅན་དེ་ཉིད་ཀྱིས་དེ་རིང་སྔ་དྲོ་ནས་བཟུང་སྟེ་ཇོ་ལགས་ཀྱི་མཛད་སྤྱོད་གང་ས་ནས་ཧ་ཅང་ལེགས་རྒྱུ་མ་བྱུང་། དེ་འདྲ་གང་ཡིན་ནམ་གསུངས་ཤིང་། ཐུགས་ངལ་གྱི་རྣམ་པ་ཅུང་ཟད་མཛད་པར་གྲགས་ཤིང་། དེ་ནས་ཟླ་བ་དེའི་ཚེས་བཅུ་གསུམ་བཅུ་བཞི་ཙམ་ནས་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཅུང་ཟད་སྐུ་ཁམས་ཉོག་པའི་ཚུལ་གནང་སྟེ། ཞབས་འབྲིང་པ་རྣམས་ཀྱིས་མཇལ་ཕྱག་སོགས་བཀག་པ་ན། རྗེའི་གསུངས་ལས་ད་ནི་མཇལ་ཞུ་བ་ཐམས་ཅད་ཐོངས་ཤིག་གསུངས་པ་བཞིན་བཏང་བ་ནས། རྗེ་ཉིད་ཐུགས་རྒྱུད་འཇམ་ཞིང་ལྷོད་པ་དང་ཀུན་ལ་བྱམས་པའི་སྤྱན་གྱིས་གཟིགས་ཤིང་ཕྱག་དབང་བྱིན་རླབས་གསུང་གླེང་སོགས་ཤིན་ཏུ་རྒྱས་པར་གནང་བས། མཇལ་མི་ཐམས་ཅད་ཀྱི་དགའ་མགུར་ཡི་རང་བའི་སེམས་ཐོབ་པར་མཛད་དོ། །དེ་ཚེ་ཞག་གྲངས་བཅུ་ཙམ་ཡབ་ཡུམ་སྲས་བཅས་ལྷན་དུ་བཞུགས་ཐོག་རྗེ་དམ་པ་ཉིད་ནས་རང་བཞིན་གྱི་གསུངས་གླེང་དང་། སྐབས་རེ་གད་མོའི་རྣམ་འགྱུར་སྣ་ཚོགས་སོགས་དག་སྣང་དགའ་སྤྲོས་ཉིན་མཚན་འདའ་བ་ལས། སྙུང་གཞིའི་ཚུལ་དང་ཞལ་གདམས་བཀའ་མངགས་སོགས་ནིི་གསལ་བར་མ་གསུངས། ཡུམ་སྲས་ཐུགས་ངལ་གྱུར་དོགས་དང་ཞབས་བརྟན་གསོལ་བཏབ་ཡོང་དགོངས་པ་གོར་མ་ཆག ཉེར་