R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༢
[A:༥༧༢]མཆོག་ནས་ཐུགས་སྨོན་དང་བཅས་ལྷ་ཕྱག་གྲངས་མེད་ཕུལ་དབུ་ཐུག་ཞུས་ནས། གཞི་ཐོག་ཕོ་བྲང་དུ་ཕེབས་པའི་དེ་ནུབ་ནམ་གྱི་ཕྱེད་གང་ཙམ་གྱི་དུས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཡབ་མཆོག་དམ་པ་དེ་ཉིད་རྒྱུན་གྱི་ཐུགས་དམ་ཉམས་བཞེས་ཀྱི་མཇུག་འདའ་ཀ་མའི་རྣམ་འབྱོར་གསལ་བཏབ་སྟེ། ཟག་པ་མེད་པའི་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བཞེས་པའི་མོད་ལ་ས་ཡང་རྣམ་པ་དྲུག་ཏུ་གཡོ་བ་དང་། ལྷག་པར་ཆོས་དུང་ཡིད་བཞིན་ནོར་བུ་ཉིད་སྐྱེས་བུའི་རྩོལ་བ་ལ་མ་ལྟོས་པ་བཞུགས་སྒམ་ནང་ནས་རང་སྒྲ་ཅུང་ཟད་སྒྲོགས་པའང་གཞན་གྱིས་ཐོས་པ་བྱུང་ཞིང་། དེ་ཚེ་བདག་ཁྲི་མངྒའི་མཚན་ཅན་ཉིད་གཞི་ཐོག་ཏུ་ཐུགས་དམ་ཉམས་བཞེས་རྣམས་གྲོལ་ཀྱང་སྲོད་ཕྱི་མོའི་བར་བཞུགས་པས་རྒྱལ་སྒོ་བརྡུང་བྱུང་བ་དང་ངས་བྱས་འུ་ཅག་མི་སྡོད་འགྲོ་གསུངས་གསུམ་སྐས་འགོ་རུ་ཕེབས་པ་དང་སྐུ་མཆེད་རྗེ་བཙུན་འཕྲིན་ལས་དབང་མོ་ཉིད་ནས། སྐྱབས་རྗེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་ཞུས་ཏེ། ཞབས་ལྷར་ཕེབས་མཚམས་ཞབས་འབྲིང་པ་ཀུན་ཡི་མུག་ཆེས་ནས་སྙིང་གི་ཆུ་གཏེར་འདྲེན་བྱེད་ཀྱི་ལམ་ནས་ལུད་དེ་མྱ་ངན་ཅ་ཅོ་བུང་བ་ཚང་ཞིག་ལྟ་བུ་གྱུར་པ་དང་། ཡུམ་སྲས་རྣམས་ཀྱང་ཐུགས་ངལ་ཚད་མེད་ཀྱི་ངང་ནས་རྗེས་བཞུགས་ཞབས་ཏོག་དགོངས་རྫོགས་རྣམས་སྒྲུབ་པ་ལ་ཐུགས་གཞོལ་བའི་ངང་ནས་ཐུགས་སྲས་དམ་པ་བདག་ཁྲི་མངྒའི་མཚན་ཅན་ཉིད་ནས་བཀའ་བསྒོས་ཏེ། སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་མཆོད་ཚོགས་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ་ཐུགས་སྨོན་དང་བཅས་སྐུ་ཕྱག་ཀྱང་མང་དུ་