R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༤
[A:༥༧༤]སྤྲིན་གྱིས་བསྐོར་ནས་གཞན་སུ་ཡང་འགྲོ་ས་མེད་པའི་མཚམས་བཅད་ཐོག ཞག་འགའ་སོང་ནས་སྤུར་ཁང་ཞལ་ཕྱེ་སྟེ་ཐུགས་སྲས་མངྒའི་མཚན་ཅན་མཆོག་ནས་ཐུགས་སྨོན་དང་བཅས་སྤུར་རུས་རྡོག་གཅིག་བཞེས་པ་དེ་ནི། དབུ་ཐོད་ཀྱི་དུམ་བུ་སོར་བཞི་ཙམ་གྱི་ལྡེབས་ལ་འཇིག་བྲལ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བསྲུང་བ་ཐུན་མིན་གཉིས་ཀྱི་སྐུའི་རང་བྱོན་ཤིན་ཏུ་གསལ་བར་བྱོན་པ་རྒྱུ་མཚན་འདི་ལ་བརྟེན་ནས། ད་ལྟ་གདུང་རྟེན་གྱི་བུམ་སྒོར་རྣལ་འབྱོར་དབང་ཕྱུག་གི་སྣང་བརྙན་རྟེན་འབྲེལ་དེ་ལ་དགོངས་ནས་མཛད་པར་གླེང་བ་དང་། གཞན་ཡང་ཐུབ་གནས་བཅུ། སྒྲོལ་མ་དཀར་ལྗང་གུར་ཞལ་གྱི་སྣང་བརྙན་རང་བྱོན་དུ་མ་གྲངས་ལས་འདས་པ་སྐུ་ཡི་རྟེན་དུ་བྱས་པ་དང་། གསུང་རྟེན་དུ་ཨ་ལི་ཀ་ལི་སོགས་ཡིག་འབྲུ་རྣམ་པ་གྲངས་མེད་བྱོན་ཞིང་། ཐུགས་རྟེན་དུ་རིང་བསྲེལ་ཡུངས་འབྲུ་ཙམ། མཁན་ཆེན་བྱམས་པ་བཀྲ་ཤིས་ཆོས་འཕེལ་ཉིད་ཀྱི་ཕྱག་ཏུ་བབས་པ་ཁྲུས་གསོལ་ཡང་ཡང་མཛད་པས་དེ་ལས་མང་དུ་འཕེལ་བའི་ལོ་རྒྱུས་ཀྱང་སྣང་བ་སོགས་ངོ་མཚར་ཀྱང་མཐའ་ཀླས་པ་བྱུང་འདུག་པ་བཅས། སྤུར་རུས་རྣམས་མཆོད་ཕྲེང་དང་བཅས་ཕོ་བྲང་དུ་གདན་དྲངས་ཏེ་ཡང་ཡང་སྐུ་ཁྲུས་གསོལ་ཞིང་མཆོད་སྤྲིན་དང་བཅས་འགྱངས་ཙམ་བཞུགས་པ་དང་། དེ་ནས་ལྷ་བླའི་ལུང་བསྟན་བཞིན་ཆོས་ལྷུན་ཨོ་རྒྱན་ལྷ་ཁང་དུ་སྤུར་རུས་མཆོད་སྤྲིན་དང་བཅས་པ་གདན་དྲངས་ཏེ། རིན་ཆེན་ལྔ་དང་སྨན་ཕྱེ་སོགས་དང་བཅས་དམ་པའི་སྤུར་རུས་རྣམས་གད་གཙང་བཏུལ་ཏེ། རྗེ་བཙུན་འཆི་མེད་བསྟན་པའི་སྒྲོན་མ་སོགས་ལས་ཅན་རྣམས་ནས།