R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༩
[A:༥༧༩]འཆང་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོ་ཞེས་རྒྱལ་དབང་པདྨ་འབྱུང་གནས་དང་ཞལ་མི་གཉིས་པ་དེ་ཉིད་ཀྱི་ཞལ་སྔ་ནས་ལ་ཐོག་མར་གྲུབ་པའི་སློབ་དཔོན་ཛཱེ་ཏ་རའི་ལུགས་ཀྱི་རྒྱལ་དབང་ཚེ་དཔག་མེད་ལྷ་དགུའི་དབང་དང་མན་ངག་གི་ལུང་ཁྲིད་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་དབང་དང་། སྨད་ལས་དྲག་པོ་སྒྲོལ་དབང་། མངའ་བདག་ཉང་གཏེར་གུ་རུ་དྲག་དམར་གྱི་དབང་ལུང་བཅས། དཔལ་དགེས་པ་རྡོ་རྗེ་རྒྱུ་དུས་ཀྱི་དབང་ཆེན་རྣམས་རྡུལ་ཚོན་ཀྱི་དཀྱིལ་འཁོར་དུ་བསྩལ་བ་དང་། སློབ་དཔོན་སྤྱོད་པ་བའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་རྭ་ལུགས་འཇིགས་བྱེད་ལྷ་བཅུ་གསུམ་མ། རྟ་མགྲིན་ཡང་གསང་ལྷ་དགུ་རྣམས་ཀྱི་དབང་ཆེན། ཚེ་རྟ་ཟུང་འབྲེལ། གྲུབ་རྒྱལ་མའི་ལུགས་ཀྱི་ཚེ་དབང་བྱང་གཏེར་ཚེ་དབང་ལྕགས་སྡོང་མ། རས་ཆེན་དཔལ་འབྱོར་བཟང་པོའི་ཉེ་བརྒྱུད་ཚེ་དབང་མདའ་འཕེལ་མ་འབྲི་ཁུངས་དག་སྣང་སྒྲ་མི་སྙན་རྣམས་ཀྱི་ཚེ་དབང་སྦུབ་ལུགས་བྱད་གྲོལ། འཕགས་ཡུལ་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་རྗེས་གནང་ཟུར་བཀའ་གསན་གྲས། འཇམ་དབྱངས་དམར་སེར་དང་། སྨྲ་སེང་། འཇམ་ནག་རྟ་མགྲིན་གསང་སྒྲུབ། གཏུམ་པོ་ཁྱུང་ལྔ། གསེར་ཆོས་ཁྱུང་ཁྲ། སོ་འབྲེང་དཀར་མོ། སྨན་བླ་མཆེད་བདུན། རྨེ་བརྩེགས་དུད་ཁ། རྣམ་རྒྱལ་ལྷ་དགུ་རྣམས་ཀྱི་རྗེས་གནང་རྣམས་དང་། བསྟན་སྲུང་དཔལ་ལྡན་ལྷ་དམག་ཟོར་རྒྱལ་མོའི་རྗེས་གནང་། རྩི་དམར་སྲོག་གཏད་བཅས་ཡབ་རྗེ་སྐུ་མཆེད་ནས་ཡབ་ཀྱི་དྲུང་དུ་གསན་ངེས་དང་། སྨིན་གླིང་འདོད་འཇོ་བུམ་བཟང་གི་དབང་ལུང་ཡོངས་རྫོགས་གསན་ནམ་སྙམ།