R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༡
[A:༥༨༡]གསན་ཡིག་བཞིན་དང་། གསེར་ཆོས་མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས་དང་། ནཱ་རོ་མཁའ་སྤྱོད་མའི་ཉམས་ཁྲིད་རྨོང་ཆེན་རྗེའི་བཀའ་ཆབ་བཞིན། མཁའ་སྤྱོད་སྐོར་གསུམ་ཆར་གྱི་གདམས་སྐོར་ལུང་དང་བཅས་ཡོངས་རྫོགས་གསན། གཞན་ཡང་སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་ཀྱཻ་རྡོར་བཀའ་བབས་བཞིན་དཔལ་ཆེན་ཡང་དག་གི་དབང་སོགས་དང་གདན་ས་འདི་ཉིད་ཀྱི་འདོན་ཆོག་རྣམས་ཀྱི་ལུང་ལ་སོགས་པ་ཤིན་ཏུ་མང་བར་གསན། རྗེ་བཙུན་དེ་ཉིད་ཀྱི་གསན་ཡུལ། གོང་རྣམས་ཀྱི་ནང་ནས་འཇིགས་བྱེད་གཤེད་དམར་སྐོར་སོགས་མུས་ཆེན་ཆོས་ཉིད་ཡེ་ཤེས་ལས་དང་། གཞན་ཕལ་ཆེར་ཡབ་རྗེ་ཀུན་བློ་མཆོག་ནས་གསན་ནོ། ། གཞན་ཡང་བྱང་གཏེར་བྱིན་རླབས་ཐུགས་དབང་འབྲིང་པོ། ངོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་གྱི་ལུང་སོགས་རྒྱ་ཆེར་གསན་ནོ། །མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་བཀྲ་ཤིས་དྲུང་ནས། ལམ་འབྲས་ཚོགས་བཤད་ཆ་ལག་དང་བཅས་པ་འཇམ་མགོན་ཀུན་བློ་སོགས་ཀྱི་གསན་ཡིག་བཞིན་དང་། གསེར་ཆོས་དམར་པོ་སྐོར་གསུམ་རྗེས་གནང་རིགས་དང་དཀར་ཆག་གིས་ཟིན་པ་དང་མ་ཟིན་པའི་གདམས་སྐོར་ལུང་དང་བཅས་པ། བསྟན་སྲུང་གུར་ཞལ་རྣམ་གཉིས་དབང་རྗེས་གནང་གདམས་ཁྲིད། མགོན་པོད་མེ་འབར་ཁ་སྐོང་། སྙན་བརྒྱུད་ཡང་བསྐོང་དུད་པོད་ཞལ་པོད་ཧ་ནག་བཅས་ཡོངས་སུ་རྫོགས་པར་གསན་ཀྱང་བྲམ་ཟེ་མངག་གཏད་སོགས་རྗེས་ཁ་ཤས་མ་གསན་པ་མཇུག་ཏུ་ངག་དབང་སྨིན་གྲོལ་རྒྱ་མཚོ་ལས་གསན་དགོས་བྱུང་འདུག བསྟན་སྲུང་དུར་བདག་ཆོས་སྐོར་བཅས་