R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༣
[A:༥༨༣]གཉིས་སོགས་གཞུང་འདོན་དང་བླ་མཆོད་སོགས་ཆོས་སྤྱོད་སྒྲུབ་མཆོད་རིགས་དང་གཏོར་བཟློག་བསྐང་བ་བཅས་པར་ཚོགས་ཕེབས་རྟག་པར་མཛད་ཅིང་། ཉིད་ཀྱི་དགུང་གྲངས་བཅུ་གསུམ་བཞེས་པའི་ཚེ་འཇམ་མགོན་ས་པཎ་གྱི་ཆོས་ཁྲི་ཐང་མོར་ཆེར་གཅེན་པོ་དང་ལྷན་ཅིག་ཡབ་རྗེ་རྡོ་རྗེ་འཆང་ནས་ཁྲི་འདོན་མཛད་ཚུལ་གོང་གཅེན་པོའི་རྣམ་ཐར་བཞིན་དང་། དེ་མཚམས་ནས་ས་སྐྱ་པའི་འབྱུང་པོ་འདུལ་བྱེད་ཀྱི་བསྙེན་པ་ཟླ་གང་མ་དང་། དེ་ནས་དགེས་རྡོར་གཞི་བསྙེན་ཟླ་དྲུག་མ་ཕུར་བསྙེན་ཟླ་གསུམ་མ་གུར་མགོན་བྲག་རྫོང་མའི་བསྙེན་པ་ཟླ་བ་གཉིས་ཙམ་སོགས་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་བཅས་དུས་གྲངས་མཚན་མའི་བསྙེན་པ་བཅས་གདན་ཐོག་གཅིག་ཏུ་མཐར་ཕྱིན་པ་མཛད་སྐབས། དགུང་གྲངས་བཅོ་ལྔ་ཙམ་དུ་ཕེབས་པ་ས་སྦྲུལ་ས་ག་ཟླ་བའི་ཚེས་བཅུ་དྲུག་ལ། ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་སྙིགས་ལྔའི་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ར་བར་མ་ཆུན་པ་སྤུ་དཀར་བླ་བྲང་གཞིས་སུ་གློ་བུར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བཞེས་པར། གཅེན་བདག་ཁྲི་པདྨའི་མཚན་ཅན་སྤུ་དཀར་གཞིས་སུ་ཏབ་ཏབ་པོར་ཕེབས་ཏེ། མཆོད་སྤྲིན་དང་བཅས་གསོལ་འདེབས་གདུང་དབྱངས་མཛད་པ་དང་། ཡུམ་སྲས་ལྷན་ནས་དགོངས་རྫོགས་སྤྱི་བྱེ་བྲག་མཛད་ཚུལ་རྣམས་ཀྱང་གོང་དུ་བརྗོད་པ་ལྟར་དང་། རྗེ་འདི་ཉིད་ནས་ཀྱང་གསོལ་འདེབས་སྒྲུབ་མཆོད་མང་དུ་མཛད་ཡོད་འགྲོ་ཞིང་། དེ་ལྟར་ཡབ་རྗེ་ཨོ་རྒྱན་གཉིས་པ་དབང་གི་མཚན་འཆང་གདུང་རྟེན་གྱི་གཅེན་དང་ལྷན་མཛད་སྒོ་རྣམས་གྲུབ་ནས། ཉིད་ཀྱི་དགུང་གྲངས་བཅུ་ཕྲག་