R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༢
[A:༥༩༢]ཁྲིམས་དབང་མོར་གྲགས་པ་ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་དགུང་གྲངས་ཞེ་དྲུག་ཏུ་ཕེབས་ཐོག་བལྟམས་པ། སྦས་པའི་རྣལ་འབྱོར་མ་སྐུ་ཤིན་ཏུ་བཙུན་ཞིང་བྱང་ཆུབ་སེམས་མ་ཞིག་བྱུང་བར་གྲགས་ཞིང་། སྐུ་ཚེ་ཡང་རིང་པོ་སོན་ཅིང་ཕུན་བདེར་བཞུགས་པ་དེ་ཉིད་དང་རྒྱལ་ཡུམ་དེ་ཉིད་ཀྱི་སྲས་བཞི་པ་ནི། ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོ་དགུང་གྲངས་སོ་དགུར་ཕེབས་པ་བློ་ངན་ཞེས་པ་ལྕགས་མོ་བྱ་ཡི་ལོ་ཟླ་ཚེས་དགེ་བར་འཁྲུངས་ཤིང་། མཚན་མགོན་པོ་དངོས་གྲུབ་དཔལ་འབར་དུ་གསོལ་བར་མཛད་དེ་ཆོས་འཁོར་ལྷུན་པོ་ཕྱག་འདེབས་པ་པོ་ཀུན་མཁྱེན་ཆེན་པོའི་དངོས་སློབ་གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར་གྱི་སྤྲུལ་སྐུ་ངོས་འཛིན་ཞིང་། འཁྲུངས་སྟོན་དུ་ད་ལྟ་མགོན་མདོས་ཟབ་མ་གྲགས་པའི་རྒྱུན་འདི་བཞིན་ཐོག་མར་མཛད་སྐད་དང་། གཞོན་ནུའི་དུས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་རབ་ཏུ་བྱུང་བ་མཛད་དེ། བསླབ་པ་སྲུང་བ་ལ་ནན་དུ་མཛད་པ་དང་ལྷན་ཅིག་དཔོན་སློབ་ལྔ་རིག་ཀུན་བཀྲས་དྲུང་དུ་ཡབ་རྗེ་སྐུ་མཆེད་དང་ལྷན་དུ་ཡོན་ཏན་གྱི་ཕྱི་མོ་འབྲི་ཀློག་སོགས་དང་། དེ་ནས་རིམ་བཞིན་ཆོས་སྡེ་ལྷོ་བྱང་ཐུན་མོང་གི་ཆོས་སྤྱོད་རབ་གསལ་ཏུ་གྲགས་པ་དང་། རྩ་རྒྱུད་བརྟག་གཉིས་བདེ་ཀྱཻ་གསང་གསུམ་རྡོ་རྗེ་ཕུར་པ་གུར་དྲག་ཀུན་རིག་ནཱ་རོ་མཁའ་སྤྱོད་སོགས་འདོན་ཆོག་རིགས་རྣམས་རིམ་བཞིན་ཐུགས་བློར་བཟུང་སྟེ་ཡབ་རྗེ་རྡོ་རྗེ་འཆང་གི་དྲུང་དུ་རེ་རེ་བཞིན་རྒྱུགས་འབུལ་མཛད། ཆོས་སྡེ་ལྷོ་བྱང་ཐུན་མོང་དང་ཆོས་བྱང་བཅས་ཀྱི་ཚོགས་དབུར་ཕེབས་ཐོག་