R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༢
[A:༦༠༢]གེ་མང་བས་འཇིགས་པས་བྲིར་མ་ལང་བ་དང་། དབང་ཆོས་གདམས་ངག་འཆད་སྤེལ་རྒྱ་ཆེར་མཛད་པ་མངོན་ཏེ། དེའི་སྔོན་ཡབ་རྗེ་དབང་གི་མཚན་ཅན་ཉིད་ཞིང་བརྗེ་ཟིན་ནས། རྗེ་ཉིད་དང་རྒྱལ་ཡུམ་དམ་ཚིག་སྒྲོལ་མ་རྗེ་བཙུན་བཅས་བཀྲས་བརྩེགས་ནུབ་འདིར་བཞུགས་ཚོད། བཀྲས་བརྩེགས་ཤར་མཆོད་ཁང་དུ་གྲགས་པ་རྗེ་དམ་པ་ཉིད་ཀྱི་སྐུ་དུས་སུ་དབང་ཆོས་ཉམས་ཁྲིད་སོགས་གནང་བར་གསར་འདེབས་མཛད་པ་བཅས། གསུང་ངག་ལམ་འབྲས་ཚར་བཅུ་གསུམ་ཙམ་གསུངས་པ། དེ་ལྟ་བུ་རེ་རེ་གནང་སྐབས་ས་དཀར་ལོགས་འདིར་ཇོ་དར་རེ་རེ་འཛུགས་པར་མཛད་པས་ཇོ་དར་གྱི་གྲངས་ཀྱང་དེ་མཚུངས་ཡོད་འདུག་པ་དང་། གཞན་ཡང་གསེར་ཆོས་བཅུ་གསུམ། འཇིགས་བྱེད། མགོན་པོ་གུར་ཞལ་གྱི་མཚོན་པའི་དབང་རྗེས་གནང་། གདམས་ཁྲིད་ལུངས་སོགས་དུ་མ་རྒྱུན་མ་ཆད་པ་གསུངས་པ་ཡིན་ཏེ། ཞིང་བརྗེ་སྐབས་ཡབ་རྗེ་པདྨའི་མཚན་ཅན་གྱིས་མཛད་པའི་གསོལ་འདེབས་ལས། ས་བསྟན་སྙན་བརྒྱུད་འཛིན་པའི་སྐལ་དམན་རྣམས། །རྗེས་འཇུག་གཙུག་རྒྱན་གཏོར་རོ་བླ་མ་རྗེ། །ཞེས་སོགས་གསུངས་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་པའི་ཕྱིར་རོ། །ཕྱོགས་ཕེབས་སོགས་ནི་ཆེར་མ་གནང་ཡང་། ངོར་ཨེ་ཝཾ་ཆོས་ལྡན་དང་། གོང་དཀར་རྡོ་རྗེ་གདན་སོགས་སུ་རེ་གཉིས་ཕེབས་སྐད་ཀྱི་ངོར་དུ་ཕེབས་སྐབས་དངོས་སློབ་སྐལ་བཟང་འགའ་ཞིག་ལ་འབྲས་སིལ་ཞལ་དཀར་གསོལ་རེས་གནང་བ་ཕལ་ཆེར་མུ་ཏིག་ཏུ་བསྒྱུར་བ་དང་། གོང་དཀར་དུ་ཡུན་རིང་ཙམ་བཞུགས་ཤིང་རབ་གནས་རྒྱས་པར་གནང་སྐབས་འཇའ་འོད་དང་མེ་ཏོག་སྣ་