R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༤
[A:༦༠༤]དང་། གདན་ས་འདི་ཉིད་ཀྱི་མདོ་སྔགས་ཆོས་སྡེ་ཉི་ཟླ་ཟུང་འབྲེལ་གྱི་མཁན་ཆེན་བྱམས་པ་བཀྲ་ཤིས་ཆོས་འཕེལ་དེ་ཉིད་ཀྱིས་མཚོན་དེ་སྐབས་ཀྱི་ལྷོ་བྱང་བགྲེས་གྲས་ཕལ་ཆེ་བ་རྣམས་དང་། གཞན་ཡང་ཆོས་འཁོར་ལྷུན་པོ་རྟ་ནག་ཐུབ་བསྟན། བཞད་ཐུབ་བསྟན། ཨེ་ཝཾ་ཆོས་ལྡན། གོང་དཀར་རྡོ་རྗེ་གདན་སོགས་ས་དགོན་ཕལ་ཆེ་བའི་མཁན་པོ་བླ་མ་གྲྭ་དམངས་བགྲེས་པའི་གྲས་ཕལ་ཆེ་བར་ཡང་དངོས་སློབ་དུ་གྱུར་བ་དང་། དངོས་སུ་རྩོད་པར་མཛད་པ་དུས་གནས་དང་བསྟུན་པས་མ་མཛད་མོད། དོན་དུ་སྒྲུབ་བྱེད་ཀྱི་དངོས་སྟོབས་ཀྱི་སྒྲུབ་བྱེད་དང་ལུང་རིགས་ཤུགས་ཆེ་བ་བླ་ལྷའི་བྱིན་རླབས་ཐུགས་རྒྱུད་ལ་བཞུགས་རྟགས་རང་བྱུང་དུ་གནང་བས་སོ། །རྩོམ་པར་མཛད་པ་མང་དུ་མི་གནང་ཡང་། གཤེད་དམར་ལྷ་ལྔ་དང་། འཇིགས་བྱེད་རོ་ལངས་བརྒྱད་སྐོར། བདེ་མཆོག་དྲིལ་བུ་ལུགས་སོགས་ཀྱི་དཀྱིལ་ཆོག་དང་། དབང་གི་མཚམས་སྦྱོར་སོགས་ཆོག་སྒྲིགས་གནང་བ་འགའ་རེ་དང་། རྗེ་རང་ཉིད་ཀྱི་དབུ་བླ་རྣམས་ཀྱི་གསོལ་འདེབས་བརྟན་བཞུགས་སོགས་དང་། བརྒྱུད་འདེབས་རྣམས་ཀྱི་ཞལ་སྐོང་སོགས་ཐོར་བུ་གནང་བ་རྣམས་ནི་རྒྱས་བཤད་སྒྲོ་བཏགས་སོགས་མ་ཡིན་པའི་སྔོན་བྱོན་བླ་མ་གོང་མའི་གསུང་དང་མི་འགལ་ཞིང་གསལ་བྱེད་དུ་འགྲོ་བའི་ལེགས་བཤད་ཁོ་ནར་སྣང་ངོ་། །དེ་རྣམས་ཀྱི་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་སོགས་སྐུ་ཚེ་འདིར་སྣང་གི་མཛད་ཚུལ་སྒྲོ་བཏགས་དང་བྲལ་བ་ཅུང་ཟད་བརྗོད་ཟིན་ནས། སྙིགས་ལྔའི་གདུལ་བྱ་རྣམས་བསོད་ནམས་དམན་པས་ཞིང་ཁམས་