R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༥
[A:༦༠༥]གཞན་དུ་འགྲོ་དོན་རྒྱ་ཆེ་བར་དགོངས་ཏེ། དགུང་གྲངས་བཞི་བཅུ་པ་ལྕགས་མོ་གླང་ལོ་འགོ་ཟླའི་ཚེས་གསུམ་ལ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང་ལེ་ལོ་ཅན་རྣམས་བརྩོན་འགྲུས་བསྐྱེད་པའི་ཕྱིར་གཟུགས་སྐུའི་བཀོད་པ་ལོངས་སྐུའི་ཐུགས་ཀར་བསྡུས་སོ། །དགོངས་རྫོགས་ཞབས་རྗེས་རྣམས་བཀྲས་བརྩེགས་བླ་བྲང་ནས་རྒྱས་པར་གྲུབ་ཅིང་ནང་རྟེན་དུ་ད་ལྟ་ལྷ་ཆེན་ཁྱམས་སྟོད་ཀྱི་ཤར་ངོས་རིན་ཆེན་གཉིས་པ་ལས་སྒྲུབ་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་རྡོ་རྗེ་འཆང་གིི་སྣང་བརྙན་རིང་བསྲེལ་སྤྱི་དང་བྱེ་བྲག་གི་གཟུངས་གཞུག་ཅན་དེའི་རབ་གནས་རྒྱས་པ་ཡབ་རྗེ་པདྨའི་མཚན་ཅན་གྱིས་མཛད་སྐབས་གོང་ཡབ་རྗེ་ཉིད་ཀྱི་རྟོགས་བརྗོད་སྐབས་སྨྲོས་པ་སྔོན་དུ་སྐུ་གཟུགས་དང་བསྡུར་ཏེ་ཤིང་ཚད་འཇོག་པར་མཛད་པ་མཐོ་གང་ཙམ་གྱི་སྐུ་ཚད་འཕར་བ་བྱིན་རླབས་ཀྱི་གཟི་འོད་འབར་བ་དཀའ་སྤྱད་སོགས་མཆོད་རྫས་ཇི་སྙེད་དང་རྒྱུན་མཆོད་བཅས་དང་། ལོ་དུས་ཀྱི་མཆོད་པ་སྔ་དུས་ས་གཞུང་དུ་སྦྱོར་འཇགས་ཀྱི་དགེས་རྡོར་སྒྲུབ་མཆོད་སྒྲུབ་ཞག་ལྔ། དུས་ཆེན་སྐབས་ཀྱི་མཆོད་རྫས་འཕན་གདུགས་རྒྱལ་མཚན་ཕྱེ་ཕུར་སོགས་གསར་བསྐྲུན་གྱི་ཞབས་བསྐོར་བཅས་དང་། ཟླ་དུས་བླ་མཆོད་སོགས་དགོངས་རྫོགས་ཟབ་ཏུ་མཛད་པ་རྣམས་ཀྱིས་ངག་དབང་ཀུན་དགའ་རྒྱལ་མཚན་རིན་ཆེན་ཚུལ་ཁྲིམས་དབང་ཕྱུག་གི་རྣམ་ཐར་མདོ་ཙམ་སྨྲོས་ཟིན་ཏོ། །