R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༧
[A:༦༠༧]བཀའ་དྲིན་བསྐྱངས་ཤིང་། དེ་རྗེས་བདེ་དགེས་གསང་གསུམ་འཇིགས་བྱེད་བདག་མེད་མ་ནྭ་རོ་མཁའ་སྤྱོད། ཀུན་རིག རྡོ་རྗེ་ཕུར་པ་རྣམས་ཀྱི་སྒྲུབ་དཀྱིལ་དང་། ཆོས་སྐྱོང་གུར་ཞལ་སོགས་ཀྱི་གཏོར་བསྔོ་བསྐང་བ་རྣམས་དང་བཅས་ཚང་མ་ཐུགས་བློར་བཟུང་སྟེ། བདག་ཁྲི་ལས་ཚན་བཅས་པར་རེ་རེ་བཞིན་རྒྱུགས་འབུལ་མཛད་ཅིང་དེ་བཞིན་གར་འཆམ་དབྱངས་རོལ་སོགས་སློབ་དཔོན་མཁས་པའི་དྲུང་དུ་སྦྱོང་བརྡར་ཡང་དག་མཛད་ནས། ཕུར་སྒྲུབ་སོགས་ཚོགས་དབུ་སོ་སོར་ཕེབས་ཤིང་བར་སྐབས་རྣམས་སུ་ཡབ་རྗེ་རྡོ་རྗེ་སྐུ་མཆེད་སོགས་ལས་དབང་ཆོས་ཀྱང་མང་དུ་གསན་པ་རྣམས་སྡེབ་གཅིག་ཏུ་བཀོད་ན། དེ་ཡང་ཡབ་རྗེ་རྡོ་རྗེ་འཆང་པདྨ་བདུད་འདུལ་དབང་ཕྱུག་མཐུ་སྟོབས་བསྟན་འཛིན་བཟང་པོའི་ཞལ་སྔ་ནས་ལས་སྔ་ཕྱི་གསན་སྐོར། རྗེ་ཉིད་དགུང་གྲངས་དགུར་ཕེབས་པ་ས་མོ་ཕག་གི་ཟླ་ཚེས་དགེ་བ་ནས་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་བཞེད་གཞུང་ངམ་གདམས་ངག་ལམ་འབྲས་ཚོགས་བཤད་དབང་བྱིན་རླབས་ལུང་སོགས་ཆ་ལག་དང་བཅས་པ་རྗེས་གནང་སྤྱི་བཀའ་སྒྲུབ་ཐབས་བརྒྱ་རྩའམ། བ་རི་བརྒྱ་རྩར་གྲགས་པའི་རྗེས་གནང་དོན་བརྒྱད། ཉང་གཏེར་གུ་རུ་དྲག་དམར་གྱི་དབང་། སྣུབ་ལུགས་བྱད་གྲོལ་གསེར་ལྡེ། རི་ཁྲོད་མ་སེར་མོ། རྟ་མགྲིན་པད་བྱུག་ཅན། སེང་གདོང་སྔོན་མོ། གུར་དྲག་རྟ་མགྲིན་སྐྱེར་སྒང་ལུགས། རྣམ་འཇོམས་བ་རི་ལུགས་གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་རྣམས་གསན། ཡབ་རྗེ་དམ་པ་ཀུན་དགའ་རིན་ཆེན་དྲུང་ནས་སྔ་ཕྱི་གསན་སྐོར་གོང་ལམ་འབྲས་སྐབས་མ་གསན་པའི་ས་ལོ་མན་གྱི་རྣམ་