R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༣
[A:༦༡༣]གྱི་རྒྱུད་ནས་གསུངས་པའི་ས་སྐྱ་པའི་ཡབ་མེས་ཀྱི་ཕྱག་ལེན་བཞིན་ཕྱག་རྡོར་འབྱུང་འདུལ་གྱི་བསྙེན་པ་ཟླ་གང་མ་བཅུ་ཆའི་སྦྱིན་སྲེག་བཅས་དང་། ཡི་དམ་ཀྱཻ་རྡོ་རྗེའི་གཞི་བསྙེན་ཟླ་དྲུག། ཡབ་ཆོས་རྙིང་མ་རྡོ་རྗེ་ཕུར་པའི་བསྙེན་པ་ཟླ་གསུམ་མ། གུར་མགོན་བྲག་རྫོང་མའི་བསྙེན་པ་ཟླ་གང་ལྷག་ཙམ་རྣམས། སོ་སོར་སྦྱིན་སྲེག་དང་བཅས་མཛད་དེ། བླ་མ་གོང་མའི་དགོངས་རྫོགས་སྒྲུབ་མཆོད་སོ་སོར་རྡོ་རྗེ་སློབ་དཔོན་དང་། ཕུར་སྒྲུབ་ཚོགས་དབུས་སུ་གསུང་བཤད་དང་གདན་ས་ཆེན་པོ་འདིར་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་ཞབས་རིམ་དུ་ལོ་ལྟར་གནང་བའི་རྡོ་རྗེ་ཕུར་པ་ཆོས་སྐྱོང་གུར་ཞལ། དམག་ཟོར་མ། གནོད་སྦྱིན་ཡང་ལེ་བེ་སོགས་གཏོར་བཟློག་ཟོར་ལས་པ། མགོན་མདོས་ལྷ་མོ་རྗེ་ཁོལ། མགོན་པོ་ཞལ་གྱི་དམ་ཚིག་བསྐང་གསོ་སོགས་ཀྱི་རྡོ་རྗེ་སློབ་དཔོན་རིམ་པར་མཛད་ཅིང་། དེ་ཙམ་ཞིག་ལ་ཡབ་རྗེ་རྡོ་རྗེ་སྐུ་མཆེད་བཀའ་གྲོས་ཀྱིས་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་ཉིད་བདག་ཁྲི་དགོངས་ཞུ་དང་། དེ་མཚམས་གདུང་སྲས་གསུམ་ཁྲི་འདོན་གནང་རྒྱུར་སྔར་ལམ་གཞུང་ས་ཆེན་པོར་སྙན་སེང་སྒྲོན་ཕུལ་མཛད་དེ། ཆུ་སྟག་གཡུལ་ཐང་འོང་ཕུང་ལ་བསྟན་སྲིད་ཇེ་མཐོར་གྱུར་པའི་རྟེན་འབྲེལ་དུ། དར་ལྕོག་ཆེ་བ་འཛུགས་པ་ཁྲིར་ཕེབས་ཞབས་རིམ་དུ་བཀའ་འགྱུར་གསེར་ཆོས་ཀློག་འདོན་དང་། བན་ཚང་པས་ཕུར་བཟློག་སྐུ་རིམ་ཆེན་མོ་བཞིན། ལོ་དུས་ཀྱི་དུས་མདོས་ཆེན་མོ་འགྱངས་ཏེ། དེའི་ཚབ་བྱང་ཚོགས་ཡོངས་ཕྱེད་ནས། དམར་ཆེན་གཏོར་བཟློག་ཟབ་མ་དང་ཕྱེད་ནས་འཆར་ཅན་ཞལ་གྱི་གཏོར་