R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༣
[A:༦༣༣]ཕེབས་སྐབས་གོང་རྣམས་གསན་བཞེས་དགོས་ཚུལ་བཀའ་མངགས་གནང་བ་བཞིན། རྗེ་བཙུན་བླ་མ་འདི་ཉིད་ནས་མདོ་སྨད་ངོས་ཕན་ཁང་མཁན་པོ་སོགས་ལ་གསན་ཏེ་ཟབ་ཆོས་རྣམས་སྲོག་མཐུད་པར་མཛད་པ་འདི་རྣམས་ཡིན་ཞིང་། བདག་ཆེན་འདི་ཉིད་མངའ་རིས་སྐོར་གསུམ་ངོས་སོགས་སྟོད་ཕེབས་ཐེངས་རེ་གཉིས་ལས་ཕལ་ཆེར་གདན་ས་རང་དུ་བཞུགས་ཏེ་ཆོག་མང་དང་། འགོ་ཟླའི་འཇམ་མགོན་ཨ་མེས་ཞབས་ཀྱི་དགོངས་རྫོགས་སྐབས་སོགས་ཀྱི་བདེ་མཆོག་སློབ་དཔོན་སྣྲོན་ཟླའི་ས་ཆེན་ཀུན་བློའི་དགོངས་རྫོགས་ཀྱི་རྭ་ལུགས་འཇིགས་བྱེད་བཅུ་གསུམ་མ་དང་། ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་གི་དགོངས་རྫོགས་ཕུར་པ་དང་། ཡབ་རྗེ་ཀུན་རིན་གྱི་དགོངས་རྫོགས་ཀྱཻ་རྡོར་སོགས་སྒྲུབ་མཆོད་རྣམས་ཀྱི་སློབ་དཔོན་མང་དུ་གནང་ཞིང་དེ་སྐབས་བདག་ཆེན་བཀྲ་ཤིས་རིན་ཆེན་མཆོག་དང་ཐུགས་སྣང་ཤིན་ཏུ་གཤིན་པ་ཡོད་སྐད་ཀྱིས་ཕུར་སྒྲུབ་སློབ་དཔོན་ལོ་ལྟར་སྐུ་མཆེད་གཉིས་ནས་མཛད་ཅིང་དུས་མདོས་སྐུ་མཆེད་གཉིས་གང་རིགས་ནས་ལོ་ལྟར་མཛད་སྐད་དང་། བདག་ཆེན་མངྒའི་མཚན་ཅན་མཆོག་གི་དགོངས་བཞེད་ཁྱད་པར་བའི་གྲས་ཟབ་གསོལ་འཆམ་གཟིགས་སུ་གྲགས་པ་སྔོན་དུས་ས་ཚོགས་སུ་ཟབ་རྒྱས་མཛད་སྐབས་ཀྱི་སློབ་དཔོན་ཀྱང་སྐྱབས་མཆོག་འདི་ཉིད་ནས་མཛད་དེ། སྐུ་ཆས་སོགས་ཀྱང་ལྗགས་བཀོད་མཛད་པ་སོགས་ཡོངས་གྲགས་དེ་སྐབས་ཙམ་ལ་བསམ་ཡས་ཆོས་སྐྱོང་གི་ལུང་བསྟན་ཞིག་ལ། སྤྲེའུ་བྱང་ཆུབ་སེམས་དཔའ་ཤིང་རྩེར་འཛེགས། །སྟག་གི་ལོ་ལ་སྟག་གི་རྒྱལ་མཚན་འཛུགས། །ཞེས་པ་ཞིག་བསྩལ་བ་སྤྲེའུ་