R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༣
[A:༦༤༣]རྗེ་མཆོག་བདག་ཁྲིའི་གོ་སར་བཞུགས་ཏེ་ཆུ་སྤྲེལ་ཆུ་བྱ་གཉིས་ཀྱི་དབུས་ཕེབས་ཆེན་མོ་གཉིས་ལ་ཉིད་ཀྱང་མཉམ་དུ་ཕེབས་ཏེ། གཞུང་ཞབས་སོགས་ལའང་ཕེབས་སྐད་འདུག དམ་པ་གོང་མ་རྣམས་ལས་སྔ་ཕྱིར་ཡབ་ཆོས་རྣམས་གསན་བསམ་མཛད་གྲས། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་བསོད་ནམས་ལས་སྔ་ཕྱིར་ལམ་འབྲས་ཚོགས་བཤད་དང༌། རྡོ་རྗེ་ཕུར་པ་སྟོད་ལས་བྱང་ཆུབ་སྒྲུབ་དབང་དང༌། སྨད་ལས་དྲག་པོ་སྒྲོལ་དབང༌། བདེ་མཆོག་ནག་པོ་ལུགས། གསང་འདུས་འཕགས་ལུགས། ཀུན་རིག་སོགས་དབང་ཆེན་རིགས་དང༌། སྒྲུབ་ཐབས་བརྒྱ་རྒྱམ་སོགས་རྗེས་གནང་སྤྱི་བཀའ་རིགས་དང་ཟུར་བཀའི་རིགས་ཀྱང་སྔགས་འཆང་ཡིག་སྟེང་ནས་གཏོར་བསྔོ་ཆེན་མོའི་རྗེས་གནང་རིགས་སོགས་དང༌། གུར་ཞལ་གཉིས་ཀྱི་ཆོས་སྐོར་ཡོངས་རྫོགས་གསན། རྗེ་བཙུན་མཁའ་སྤྱོད་དབང་མོ་མི་ཡི་ཚུལ་བཟུང་བ་རྟ་མགྲིན་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མའི་དྲུང་ནས། ལམ་འབྲས་སློབ་བཤད། སྤྱི་བཀའ་རྡོ་རྗེའི་ཕྲེང་བའི་དབང་ཆེན། མཁའ་སྤྱོད་སྐོར་གསུམ། དམར་པོ་སྐོར་སོགས་གསེར་ཆོས་རིགས་རྣམས་གསན། གཞན་དཔོན་སློབ་ཤེས་རབ་སོགས་འགའ་རེ་ནས་གསན་ནམ་སྙམ། སྔ་ཕྱིར་དགེས་རྡོར་གཞི་བསྙེན་དང༌། རྡོ་རྗེ་གཞོན་ནུ། གུར་ཞལ། འབྱུང་པོ་འདུལ་བྱེད་རྣམས་ཀྱི་བསྙེན་སྒྲུབ་སྦྱིན་སྲེག་བཅས་མཛད་ཅིང་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཚོགས་དབུས་སུ་གསུང་བཤད་ཀྱི་དགའ་སྟོན་གྲུབ་ནས། གུར་མགོན་ཁྲོ་བཅུ་དང༌། དྲུག་ཅུ་མ་ལྷ་བརྒྱད་གཙུབ་ལུགས་ཀྱི་གཏོར་བཟློག སྐུ་