R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༧
[A:༦༦༧]དུ་མངའ་གསོལ་ཏེ་ཤིས་བརྗོད་མེ་ཏོག་འཐོར་བ་མཛད་ནས། དགའ་སྟོན་གྱི་དཔལ་ལ་རོལ་བར་མཛད་དོ། །དེ་སྐབས་ཙམ་ལ་གོང་མ་ཆེན་མོའི་བླ་མཆོད་ལྕང་སྐྱ་རིན་པོ་ཆེ་འདི་ཕྱོགས་ཕེབས་པ་ཡབ་རྗེ་སྐུ་མཆེད་རྣམ་གཉིས་མཇལ་བ་དང༌། གནས་གཟིགས་སོགས་མཛད་ནས་རྗེ་འདི་ལ་ཞིང་སྐྱོང་རྩ་ཏུརྨུ་ཁའི་ཆོས་སྐོར་འགའ་ཞིག་གསན། དངུལ་བྲེ་ཆེན་གཅིག་གིས་གཙོས་འབུལ་ནོད་བསམ་གྱིས་མི་ཁྱབ་པ་ཕུལ་ཞེས་ཀྱང་གྲག་གོ དེའི་སྔོན་ཙམ་དུ་མདོ་སྨད་ཁུལ་ནས་ངེས་པ་དོན་གྱི་ཐམས་ཅད་གཟིགས་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཕན་ཡུལ་ནཱ་ལེནྜ་ནས་མཁས་གྲུབ་བསྟན་འཛིན་སྙན་གྲགས་སོགས། སྐྱེས་ཆེན་དུ་མ་རིམ་ཕེབས་ཀྱིས་ཕན་ཚུན་དབང་བཀའ་མང་པོ་གསན་བཞེས་ཀྱང་མཛད་དོ། །དེ་ནས་ས་སྤྲེལ་རྗེ་ཉིད་བདག་མོ་རྗེ་བཙུན་མ་བཅས་ལྷ་ལྡན་རྒྱལ་ཁབ་ཆིབས་བསྒྱུར་རྒྱུའི་ལམ་གཏོར་སོགས་སྔར་ལམ་བཞིན་རིམ་མཛད་ཀྱིས། །འདི་ག་གདན་ས་ནས་ཟླ་བ་བརྒྱད་པའི་ཟླ་ཕྱེད་ཙམ་ལ་སྒར་སྒྲིགས་ཀྱིས་ཆིབས་བསྐྱོད་དེ་བར་ལམ་པཎ་ཆེན་རིན་པོ་ཆེ་མཇལ་ཕྱག་དང༌། བླ་བྲང་མཆོག་ནས་ཀྱང་བཀུར་བཟོས་སྔར་ལམ་ལྟར་ཞུས་ཤིང༌། དེ་ནས་རོང་བརྒྱུད་ཐ་སྐར་ཟླ་བའི་ཚེས་དགུ་ལ་ལྷ་ལྡན་དུ་ཕེབས། གཞུང་ས་མཆོག་ནས་སྐྱིད་ཚལ་ཀླུ་ལྡིང་དུ་ཐབ་བསུ། རྩེ་ཤོད་བཀའ་ཤག་བཅས་སོ་སོར་ནས་ཇ་ཞུས་མཚམས་དར་འབུལ་བ་སོ་སོར་ནས་མགྲོན་གཉེར་རེ་ཕེབས་ཤིང༌། ཕེབས་བསུ་བ་དྲུང་སྐྱ་སེར་སོ་སོར་ནས་བཅོ་ལྔ་རེ་བསྩལ་ཏེ་ཕོ་བྲང་སྐུ་མདུན་བརྒྱུད་བཞུགས་ཚེ་དགའ་ལྡན་ཁང་