R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༠
[A:༦༨༠]རྩེ་སྤྱི་ཁྱབ་མཁན་པོ། བླ་བྲང་ཕྱག་མཛོད་ནོ་མི་ཧན་གྱིས་གཙོས་གཙང་ཁུལ་གཙོ་དྲག་རྣམས་དང༌། བོད་གཞུང་ཨམ་བན་ཟུང་བཅས་ནས་ཀྱང་ཆིངས་སྒྲིག་ལ་ཕེབས་དགོས་འབྱོར་དོན་བཞིན་དང་། སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དུ་བརྟག་སྒྲིལ་མཛད་པས། བྱོན་པ་ལེགས་ཚུལ་ཐོན་པ་བཞིན། བདག་ཉིད་ཆེན་པོ་ལྷ་ལྡན་རྒྱལ་ཁབ་ཆེན་པོར་ཕེབས། རྩེ་ཤོད་ཨམ་བན་བཅས་ལ་འབྱོར་ཕྱག་མཛད། དེ་སྐབས་བཞུགས་གནས་ར་ཤག་ཏུ་མཛད་དེ། ས་དབང་བཤད་སྒྲ་དབང་ཕྱུག་རྒྱལ་པོ་དང༌། བདག་ཉིད་ཆེན་པོ་གཉིས་ཐོག་མཐའ་བར་གསུམ་གྱི་བཀའ་མཆིད་མོལ་ཏེ། ཆིངས་སྒྲིགས་ཀྱི་ཞབས་འདེགས་སུ་ལྷ་ས་བླ་བྲང་གི་ཡང་སྟེང་ཚོམས་ཆེན་དུ། དྲུང་སྤྱི་སོགས་ཆེ་བཙན་ཁག་མང་དང༌། བླ་མ་ལས་སྣེ་སོགས་བརྒྱ་ཕྲག་ལྔ་ཙམ་ཚོགས་པའི་དབུས། བཀྲ་ཤིས་ལྷུན་པོ་ནས་སྔགས་ཆེན། གསོལ་དཔོན་མཁན་པོ་སོགས་དང༌། སེར་སྨད་སྔགས་གྲྭ་དང་བཅས་པའི་ལས་སྣེ་སོགས་བར་མི་མཐའ་དག་ལྷན་རྒྱས་མཛད། བདག་ཉིད་ཆེན་པོ་བཞུགས་ཁྲི་པདྨ་ར་གའི་མདངས་ལྡན་ཤིན་ཏུ་མཐོ་བརྩེགས་ཡོད་པའི་སྟེང་དུ་གདན་དྲངས་ཏེ། སྐུ་གཟི་མདངས་འབར་ཞིང་འགྱིང་བག་གི་ཚུལ་དང༌། ཐུགས་གཡོ་མེད་ངང་ནས། དེར་ཡོད་ཀུན་ལ་ཞལ་དཀྱིལ་གྱི་འཛུམ་མདངས་ངོམ་བཞིན་པར་སྤྱིར་སེམས་ཅན་གྱི་ལས་མཐུ་དང༌། བསྟན་པའི་སྐུ་གེགས་ཡིན་ཚུལ་སོགས་བཀའ་འདོམ་ལ་འདུས་ཆེ་བ་ཀུན་གྱི་རྣ་དབང་དུ་འཇེབས་པ་དཔག་མེད་མཛད་པ་དང༌། སླད་ཆར་ཡང་སྙིང་སྔོན་དུ་ཡི་གེ་ཕུལ་བ་ལྟར་ཚང་མས་