R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༡
[A:༦༨༡]དགོངས་འཇགས་ཞུ་གསུངས་པ་ན། ཀུན་ཀྱང་མི་ཕྱེད་དད་པས་ཐལ་མོ་སྙིང་ཁར་ཟུམ། དེ་ནས་འབྲས་སྤུངས་པའི་དབུ་བཞུགས་ཞལ་ངོ་སྒོ་བྱེད་དང༌། དགེ་ལྡན་ཁྲི་པའི་ཕྱག་མཛོད་གཉིས་ཀྱང་རིམ་བཞིན་སྟན་ལས་ལངས་ཏེ་སྔ་ཕྱིའི་བྱུང་རྐྱེན་མཐའ་དག་ཞིབ་པར་གསོལ། དགེ་བཤེས་ཞིག་ནས་ཆོས་ཀྱི་འབེལ་གཏམ་དང་བཅས་ཞུ་བ། སོ་སོ་ལ་རང་རང་གི་བསམ་པ་དང་མཐུན་པའི་བཀའ་བསྒྱུར་བསམ་གྱིས་མི་ཁྱབ་པ་གནང༌། བར་པ་གོང་གསལ་རྣམས་ནས་ཀྱང་ཞུ་འདེགས་མཛད། དེ་རྗེས་བཞི་སྡེར་རྒྱལ་བློན་སོགས་དང༌། སེར་བྱེས་དབུ་དམངས་སོགས་ལའང་གོང་ལྟར་བཀའ་སློབ་སྙིང་གི་བདུད་རྩི་བསྩལ། དེ་ནས་ཞག་འགའི་བར་ལ་ཡི་གེའི་ལམ་ནས་བདེན་རྫུན་གཏན་ལ་དབབ་པ་སོགས་སྐུ་ངལ་ཁྱད་དུ་བསད་དེ་སྒྲིགས་འདུམ་མཛད། དེ་དུས་ཕར་བྱོན་ཚུར་བྱོན་སྐབས་ཁྲོམ་ཚོགས་འབུམ་དུ་ལོངས་པ་དག་ནས་ཀྱང་སངས་རྒྱས་དངོས་སློབ་དཔོན་རིན་པོ་ཆེ་ས་སྐྱ་བདག་ཆེན་མཁྱེན། མཁྱེན། བདག་ཅག་ཟིང་གཞི་འདི་ལས་བསྐྱབ་ཏུ་གསོལ། ཞེས་དུ་མ་ལབ་ཅིང་གསོལ་བ་འདེབས་པ་དང༌། དམག་མི་རྣམས་ནས་ཀྱང་མཇལ་ཕྱག་མ་བྱུང་དོགས་ནས་འཚངས་བྱེད་དེ་འབྱོན་ལམ་མི་ཤོང་བ་ལྟ་བུར་བྱུང༌། དེ་ནས་སོ་སོས་བདག་ཆེན་རིན་པོ་ཆེའི་བཀའ་ལ་དོན་འཁྱོལ་ཞུ་བར་ཐག་ཆོད་མཚམས། གློ་བུར་དུ་རྐྱེན་ངན་ལྟ་བུས་མ་སྒྲིབ་པ། རེ་ཞིག་དབུས་ལྷོ་ཕྱོགས་སུ་ཕེབས་ཏེ། དགོན་སྡེ་རྣམས་ལ་རབ་གནས་མཆོད་འབུལ་སོ་སོའི་འདོད་འཆར་གྱི་ཆོས་བཀའ་མང་འགྱེད་བསླབ་ཁྲིམས་ནས་