R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༥
[A:༦༨༥]དེ་ལྟ་བུའི་དམ་པ་དེ་ཉིད་རིག་པ་འཛིན་པའི་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་བཅིངས་ཏེ། གོང་དུ་བརྗོད་པ་བཞིན་བསྙེན་སྒྲུབ་གྱི་རིམ་པ་མང་དུ་གནང་ངོ༌། །རྒྱུན་དུ་ཡང༌། དཔལ་ས་སྐྱའི་ཐུགས་དམ་བིར་སྲུང་དང་ལམ་ཟབ་ཕྱི་ནང་གཉིས་རེ་དང༌། ལམ་རྒྱས་བསྡུས་ཟུང༌། དེ་སྟེང་དྲིལ་བུ་ལུས་དཀྱིལ་ལམ། ནཱ་རོ་མཁའ་སྤྱོད་གང་རུང་བསྣན་པས་བཞིར་གྲགས་པ་རྣམས་དང༌། འབྱུང་པོ་འདུལ་བྱེད། སྲུང་འཁོར་རྡོ་རྗེ་བྲག་རྫོང་མ་རྣམས་ཆགས་མེད་དང་བརྒྱད། བཅུ་བཞི་ཉེར་གསུམ་ཉེར་དགུ་རྣམས་ལ་སྒྲུབ་མཆོད་གཏོར་བཟློག་སོགས་ཕེབས་སྐབས་སུ་དེ་ཉིད་དང༌། གཞན་དུ་མགོན་ཁང་སོ་སོར་བསྐང་གསོ་ཆེད་ཕེབས་ཀྱིས་ཆག་མེད་མཛད། གཞན་ཡང་ཚེས་གསུམ་དུས་མཆོད། རྨུག་ཆུང་སོགས་སུའང་ཆོག་གྲྭ་དང༌། ནང་གསོལ་ཞེས་པ་ཉེར་སྤྱོད་མཆོད་ཆབ་སོགས་སྐུ་འཁོར་གསོལ་གཟིམ་གང་རུང་ནས་གཏོང་རྟེན་རྣམས་ཞིང་མ་བརྗེས་བར་དུ་གནང་སྐད་འདུག་པ་སོགས་ཐུགས་ཉམས་སུ་བཞེས་པ་ལས་ད་གཟོད་གྲུབ་འབྲས་སྔོན་དུ་བརྙེས་ཟིན་པས། གྲུབ་མཚན་མངོན་ཤེས་སོགས་ནི་བྱིས་པ་མཚར་སྐྱེད་ཙམ་ལས་དཔེར་ན་ལོ་ལེགས་ན་རྩ་དང་ཕུབ་མ་ཞར་ལ་བྱུང་བ་འདྲ་བས་དམ་པ་རྣམས་དགེས་པར་གྱུར་དབེན་ཡང་རང་ཅག་གདུལ་བྱ་དམན་པ་རྣམས་ཀྱི་ངོར་ཅུང་ཟད་གོང་དུ་བརྗོད་ཟིན་པ་དང༌། གཞན་ཡང་སྐུ་གཞོན་ནུའི་དུས་སུ་ཉིན་ལྟར་འབྲས་སིལ་ཞལ་དཀར་རེ་འབུལ་དགོས་པ། ཉིན་གཅིག་ཅུང་འགྱངས་པ་གཟིགས་ནན་ཆེ་བ་དང་བཅས་ཞལ་དཀར་འབྲས་བཅས་ཞབས་ལྷའི་རྡོ་གཅལ་ནང་དུ་