R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༦
[A:༦༨༦]སིང་སྒྲ་དང་བཅས་འཕངས་པར་མཛད་ཀྱང༌། ཞལ་དཀར་ཆག་སྐྱོན་ལྟ་ཅི་འབྲས་ཀྱང་མ་བོར་བར་གྲགས་པ་དང༌། བསམ་བརླིང་དུ་ཡབ་རྗེ་མཆོག་ནས་སྒྲོལ་ཁང་གསར་བཞེངས་ཀྱི་རབ་གནས་མཛད་སྐབས་ཁམས་མོ་ཞིག་གིས་གཡུ་ཞིག་ཕུལ་བ་མིང་ལ་ཅི་ཟེར་གསུངས་པས། ཡེ་ཤེས་སྒྲོལ་མ་ཟེར་ཞུས་ཏེ། སྐུ་འཁོར་རྣམས་ལ་བདག་རྐྱེན་སྤྲོད་གསུངས་ཀྱང་ཁམས་མོ་དགོན་པའི་མར་ཙམ་ནས་རླུང་འཚུབ་ཏུ་ཡལ་བར། ཡབ་རྗེ་མཆོག་ལ་ཞུས་པས་གཅེན་གྱིས་རབ་གནས་མཛད་པས་ཡེ་ཤེས་ཕེབས་རྟགས་ཡིན་གསུངས། གོང་གི་སྣང་བརྙན་གྱི་ཐུགས་ཀར་བཞུགས་པས་གཡུ་ཁར་མོ་ཆེའི་སྒྲོལ་མའི་ལོ་རྒྱུས་དང་མཚུངས་པའི་ངོ་མཚར་གྱི་གནས་མཆིས། ཡང་གཞུང་སའི་ཞབས་བརྟན་སིང་དམག་སོགས་ཀྱིས་འཚེ་བ་ཞི་ཕྱིར་ལས་མགོན་པུ་ཏྲའི་གཏོར་བཟློག་མཛད་པས་ཟོར་འཕེན་སྐབས་རྭ་ཟོར་ཕྱིར་ལོག་པ་ན་ག་ནས་བྱུང་ཆ་མེད་པའི་ཁྱི་ནག་སྙིང་དཀར་ཞིག་གློ་བུར་དུ་བྱུང་སྟེ། རྭ་ཟོར་ཁར་ཁུར་ནས་དགྲ་ཕྱོགས་སུ་རྩེ་བསྟན་ཏེ་བཞག་སོང་བ་དེ་ཡོད་ཀུན་གྱིས་མཐོང་བར་གྲགས་པ་སོགས་གྲུབ་མཚན་བསྟན་ཚུལ་རགས་པ་དང༌། བསམ་བརླིང་སྨོན་བདེ་བའི་དགག་པ་ལེགས་ལྡན་ལ་ཁྱོད་ཀྱི་ཕ་ན་བ་དྲག་གམ་གསུངས་པ་ལ། བདག་ཁ་སང་ནས་འགྲོ་རྒྱུ་མ་བྱུང་ལགས་ཞུས་པས། འོ་ན་དོ་ནུབ་ངེས་པར་འཕྲད་པར་གྱིས་གསུངས། དེ་བཞིན་བྱས་པས་དེའི་ནུབ་མོར་འདས་སོང་བ་ཁོ་ན་རེ། སྐྱབས་མགོན་ཆེན་པོའི་ཐུགས་རྗེ་མངོན་མཁྱེན་མ་གཏོགས་འཆི་ཁར་ཕ་བུ་འཕྲད་པ་མེད་ཞུས་ཚོད་བཅས་དེ་འདྲའི་རིགས་མང་