R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༧
[A:༦༨༧]དུ་སྣང་ཡང་འདིས་མཚོན་པར་བྱའོ། །འཆད་པ་ཉི་མའི་འོད་ཟེར་གྱིས་གདུལ་བྱའི་བློ་གྲོས་ཀྱི་པད་ཚལ་འབྱེད་པའི་ཚུལ་ཡང་སྔ་ཕྱིར་གསུང་ངག་རིན་པོ་ཆེ་སྨིན་གྲོལ་གྱི་གདམས་པ་ཐེངས་གསུམ་ཙམ་གནང༌། མགོན་པོའི་ཆོས་སྐོར་སོགས་དང་ལུང་མན་ངག་མང་དུ་གནང་བའི་དངོས་སློབ་ཀྱང༌། གང་གི་སྐུ་མཆེད་སྔགས་འཆང་ཀུན་དགའ་བསོད་ནམས་སྐུ་མཆེད་ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་སྙིང་པོ་མཆེད་ཞལ་ཟུང་གང་གི་རིགས་སྲས་རྗེ་བཙུན་རྣམས་དང༌། འཇམ་མགོན་མཁྱེན་བརྩེ་དབང་པོ་གོང་དཀར་མཆོག་སྤྲུལ། ཆོས་སྡེ་ཉི་ཟླ་ཟུང་གི་མཁན་སློབ་རྣམས་དང༌། གཞན་ཡང་གོང་མ་བདག་པོ་ཆེན་པོའི་བླ་མཆོད་ལྕང་སྐྱ་རིན་པོ་ཆེ། ཆུ་བཟང་སྤྲུལ་སྐུ། ལྕང་ལུང་སྤྲུལ་སྐུ། བྲག་གཡབ་ནོ་མི་ཧན། སྡེ་དགེ་རྒྱལ་སྲས་བླ་མས་མཚོན་གངས་ཅན་གྱི་དགོན་གནས་སོ་སོའི་མཁན་པོ། དེ་དག་གི་བུ་སློབ་ཡང་སློབ་སོགས་ཀྱིས་འཛིན་མའི་ཁྱོན་འདིར་ཁྱབ་པར་རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར་དུ་འཕྲིན་ལས་རྒྱུན་མི་འཆད་དོ། །རྩོད་པ་རྡོ་རྗེའི་མེ་ཆར་གྱིས་ལོག་ལྟའི་རི་བོ་སྙིལ་ཚུལ་ནི། སྤྱིར་རྩོད་པ་ཞེས་པ་རང་གཞན་གྱི་གྲུབ་མཐའི་གཞུང་གང་ཡིན་དཔང་དུ་བཙུགས་ཏེ་རྒོལ་སྔ་ཕྱི་རྣམ་གཞག་གི་རྒྱལ་བསྟན་དག་པར་སྒྲུབ་པ་བཞིན་ལ་འཇོག་པ་ལ་དམ་པ་འདི་ཉིད་ནས་དངོས་སུ་རྩོད་པ་མ་མཛད་ཀྱང་བརྒྱུད་ནས་སྡོམ་པ་གསུམ་གྱི་ཕྱག་ལེན་སྤྱི་དང་བྱེ་བྲག་གསང་སྔགས་ཀྱི་དཀྱིལ་འཁོར་བྲི་ཐིག་རྒྱན་གཏོར་བཟོ་དབྱངས་རོལ་ཆོ་ག་ཕྱག་ལེན་གང་ལ་ཡང་རྒྱུད་དང་གྲུབ་ཆེན་གྱི་གཞུང་དང༌།