R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༢
[A:༦༩༢]པའི་དག་སྣང་ཤར་ཏེ། དེ་ནས་ཡབ་རྗེ་གྲུབ་པའི་དབང་པོ་དང༌། ཡུམ་མཆོག་ཞིང་སྐྱོང་དབང་མོ་སྐལ་བཟང་བདེ་སྐྱིད་བུ་ཁྲིད་བཅས་ཀྱང་བཞུགས་འདུག་པ། ཡབ་རྗེ་རྡོ་རྗེ་འཆང་གི་གསུང་ལས། འོ་ཁྲི་ཆེན་ཀྱང་བྱོན་པ་ཤིན་ཏུ་ལེགས། ད་འདི་རང་དུ་བཞུགས་ཤིག་གསུངས་པའི་མོད་ལ་གཉིད་སད་པས་ཐུགས་ཡིད་དགའ་སྐྱོ་འབྲེལ་བའི་ངང་ལས། གཞན་དང་མི་འདྲ་བའི་རིག་པ་དྭངས་སིང་ངེ་བ་ཞིག་བྱུང་བ་གང་ཡིན་ནི་མ་ཤེས། ཞེས་ཞབས་འབྲིང་པ་འགའ་ཞིག་ལ་གསུང་པ་ན། བདེ་བ་ཅན་དང་སེང་གེ་བྲིས་ཆ་དང་མཚུངས་པ་ལགས་སམ་ཞུས་པས། བྲིས་ཆ་ནི་མཚོན་བྱེད་ཙམ་ཡིན། དེ་ལྟའི་ཞིང་ཁམས་ནི་བརྗོད་དུ་མེད་པའི་ངོ་མཚར་ཆེ་ངེས་ཤིག་གདའ་གསུངས་པ་ནི་ས་ལོ་ཆེན་པོ་དང་རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་དང་མཚུངས། ཡང་ལྷ་བཟོ་བ་དབུ་མཛད་རྣམ་རྒྱལ་ལ། བསྟན་མ་བཅུ་གཉིས་ཀྱི་ཞིང་བཀོད་འདི་དང་འདི་བཞིན་བྲིས་ཤིག་གསུངས་པའི་བཀའ་གནང་བཞིན་བྲིས་ཟིན་པ། གཟིགས་རྟོག་ཕུལ་བ་ན། འོ་འདི་ལ་རྒྱབ་ཟུང་དགོས་པས་དྲུང་རམས་པ་ཞིག་ལ་སྤྲོད། འདི་ལ་ཚ་བྲག་ཀྱང་ཡོད་དོ་གསུངས། ཕྱིས་བརྟག་ཚེ་བརྟན་མ་བཅུ་གཉིས་རྣམས་གདན་ལ་བཞུགས་ཤིང༌། གཞོན་པ་རྣམས་སྤ་ར་ལྟ་བུ་ཞིག་ན་འདུག་པའི་ཞལ་བཀོད་མཛད་འདུག་པ་བོད་ཁམས་སྐྱོང་བའི་གཞི་བདག་རྣམས་ལའང་ད་ནི་བཞུགས་ཤིག་གསུངས་པའི་བརྡ་དང༌། དེ་ཉིན་སྐུ་འཁོར་རྣམས་ལ་དེ་རིང་ཤིན་ཏུ་སྐྱིད་པོ་རང་འདུག ཁྱེད་རང་རྣམས་ལྷོད་པར་སྡོད་གསུངས། དེའི་སང་ཧོར་ལུགས་སྨིན་དྲུག་