R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༣
[A:༦༩༣]ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཀྱི་ཚེས་ཉེར་གཅིག་ལ་སྐུ་རླུང་གི་སྙུན་གཞི་ལྟ་བུའི་དབུ་ཕྲན་ཙམ་སྙུང་བའི་ཚུལ་བཞེས་ཏེ། རྡོར་སེམས་ཀྱི་སྒོམ་བཟླས་མཛད་པ་དང༌། དེ་ནས་ཅུང་ཞིག་ནས་འདའ་ཁ་མའི་རྣལ་འབྱོར་ཟབ་མོ་གསལ་འདེབས་པར་མཛད་དེ། ཉི་ཟླའི་རླུང་དྷུ་ཏཱའི་ནང་དུ་བསྡུས་ཏེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང༌། མཆོག་ཏུ་མི་འགྱུར་བའི་བདེ་ཆེན་རོ་མཉམ་པར། འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་ནས། ཐུན་མོང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། དེ་འཕྲལ་མཁན་ཁྲི་བཀྲ་ཤིས་ཆོས་འཕེལ་ནས་ཐུགས་དམ་ཟབ་མོའི་གསལ་འདེབས་ཞུས་ཐོག དེ་ནས་ཚེས་ཉེར་ལྔའི་སྲོད་ལ་དགེ་ལྡན་གནམ་མཆོད་ཀྱི་ཐོག་ཁར་སྣང་གསལ་སོགས་ཀྱི་མཆོད་པ་སྦྲེངས་ཤིང༌། དུང་རྒྱ་གླིང་རྡར་མ་བསུ་སྣ་སོགས་རོལ་མོའི་ཆ་བྱད་སྣ་ཚོགས་སྒྲ་སྙན་གྱི་ཕྱོགས་ཀུན་ཁྱབ་པ་དང་མཉམ་དུ་གོང་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ། དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་མདུན་བསུས་ཤིང༌། མདོ་ནས་བཤད་པའི་བདེ་བ་ཅན་ནམ་སྔགས་ནས་བཤད་པའི་མཁའ་སྤྱོད་རིག་འཛིན་གྱི་གཞལ་ཡས་ཁང་དུ་སྤྱན་དྲངས་པར་གྱུར་ཏོ། །དེ་ནས་སྐུ་སྤུར་ལོངས་སྐུའི་ཆས་སུ་བཞུགས་སུ་གསོལ་བའི་མདུན་དུ་སྣ་ལྔའི་མཆོད་སྤྲིན་རབ་འབྱམས་བཅས། དགེ་འདུན་བཞི་གྲས་བླ་མཆོད་ལ་སོགས་པ་གཞུང་སྒེར་སོགས་ནས་དགོངས་རྫོགས་དོན་ལྡན་སྒྲུབ་ཅིང་སྐབས་དེར་ཕུན་ཕོར་ཡང་སྙན་འབུལ་ཞུས་ཚོད་ལ། དེ་འཕྲལ་སྐྱབས་མཆོག་ཀུན་དགའ་བསོད་ནམས་