R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༡
[A:༧༠༡]ཆུང་ཆོས་སྐྱོང་ཆེན་པོས་ཀྱང། འདི་ལ་མཐོ་འཚམ་བྱེད་མི་ཉན་རྡོ་རྗེ་ཤུགས་ལྡན་རྩལ་བྱ་བ་ཡིན་གསུངས་པ་སོགས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད་པ་མ་ཟད། བདག་ཆེན་མངྒའི་མཚན་ཅན་དེ་ཉིད་ནས་ཐུགས་མཉམ་འོད་གསལ་ལྷ་བླའི་ལུང་བསྟན་གང་ཡིན་ཡང་གོང་དུ་བརྗོད་པ་བཞིན་ད་ལྟའི་བར་ལ་གསར་བཙུགས་མཛད་པ་ས་མཆོད་དུ་གྲགས་པ། དགེ་ལྡན་ལྔ་མཆོད་བཞིན་གྱི་ཕོ་བྲང་ལྷོ་བྱང། བླ་ཁག་ཆོས་སྡེ་ཁྱིམ་བདག་དང་ཁ་བ་ཅན་གྱི་མཆོད་མེའི་ཕྲེང་བ་ཚར་དུ་དངར་བ་དང། ཕོ་བྲང་རྣམས་ཀྱི་རྩེ་ནས་དུང་རྒྱ་གླིང་རྔ་ཟླུམ་བསུར་རྣ་སོགས་སྒྲ་སྙན་ཡིད་དུ་འོང་བ་དུ་མས་མཆོད་པ་དང། སྔ་དུས་ལྷ་ཆེན་ལྕགས་རི་ཁར་དགེ་འདུན་བགྲེས་གཞོན་མེད་ནས་གདུང་ཤུགས་དྲག་པོ་དང་བཅས། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་དེ་ཉིད་ཀྱི་གསོལ་འདེབས་འུར་འདོན་དུ་མ་གདངས་དང་བཅས་མཛད་སྲོལ་མཆིས་པ་རྣམས་ཀྱི་བྱིན་མཐུས་རིང་པོ་མ་ལོན་པར་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཡུམ་གྱི་མངལ་དུ་ཕེབས་པར། དེ་ཉིད་ཀྱི་རྣམ་འཕྲུལ་ལ་ནི་འཆུག་པ་མེད་ལ། དུས་ཕྱིས་ཡབ་རྗེ་རྡོ་རྗེ་འཆང་རང་ནས་ཀྱང་ངོས་ཐང་སྟོང་རྒྱལ་པོ་དང་གཉིས་མེད་ཡིན་ཞེས་ཉམས་ལྡན་གྱི་ཚུལ་དུ་ཞལ་གྱིས་བཞེས་པ་རྣམས་ཀྱང། སྤྲུལ་གཞི་འཕགས་མཆོག་པད་དཀར་བཟུང་བ་ཁོ་ན་རུ་ངེས་པ་རྙེད་པ་དང། དེ་ཡང་ཡབ་རྗེ་པདྨའི་མཚན་ཅན་གྱི་ལུང་བསྟན་སྩོལ་སྐབས་ཡུམ་གྱི་ལྷུམས་སུ་མ་ཞུགས་གོང་དུ་ཡིན་འདུག་པ་ལྟར་ཕྱིས་འཁྲུངས་ཙམ་ནས་ད་ལྟའི་བར་